པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་འབྲེལ།

W020190124477580957758.jpg

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་ཚུགས་ཚོགས་ཆེན་ལ་ཞུགས་པའི་འགོ་ཁྲིད་དང་དགེ་སློབ་ཡོངས་ཀྱིས་དྲན་རྟེན་སྐུ་པར་བསྐྱོན་པ།

ཕྱི་ཡི་ལྕགས་རིའི་བཀོད་པ་མཛེས་ཤིང་ནང་རྟེན་མཆོད་རྟེན་ལྷིང་ངེར་འགྱིང་བ་དེ་ནི་ཤིན་ཏུ་གསོན་ཉམས་དོད་པ་ཞིག་སྟེ། པེ་ཅིང་ཏེ་ཧྲེང་མོན་ཕྱིའི་དགོན་སེར་ནུབ་མར་ཆགས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་གྲོང་སྐོར་སྲང་ལམ་གཉིས་པའི་འདུ་འཛིའི་ཁྲོད་དབེན་འཇགས་ཀྱིས་ཀུན་ནས་ཕྱུག་ཡོད་ཅིང་།མཐོ་རིམ་སློབ་གླིང་འདི་ཉིད་གསར་འཛུགས་བྱས་པ་ནི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དང་ལས་འབྲེལ་ཤིན་ཏུ་ཟབ་མོ་ཞིག་ཡོད་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་ལ། ནང་བསྟན་རིན་པོ་ཆེའི་གཞུང་ལ་བསླབ་པ་ནང་བྱན་ཆུད་དེ་མི་མང་གིས་གོང་བཀུར་དང་དད་གུས་བླ་ལྷག་གནང་གི་ཡོད་པ་རེད། ཁོང་གིས་སྐུ་ཚེ་ཧྲིལ་པོར་ཏང་དང་སྲིད་གཞུང་གིས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པར་གཞོགས་འདེགས་གང་ནུས་གནང་པ་དང་། དགོན་སྡེ་དང་གྲྭ་བཙུན་རྣམས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་མཛད་པའི་དུས་མཚུངས་སུ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན། བོད་བརྒྱུད་ནང་བསྟན་ཆོས་ལུགས་རིམ་བཞིན་དུ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འཚམ་མཐུན་ཡོང་པའི་ཕན་ཐོགས་ལྡན་པའི་ཕྱག་ལས་མང་པོ་བསྒྲུབས་ཡོད་པ་རེད།

1986ལོར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཁུལ་དུ་གཟིགས་ཞིབ་གནང་སྐབས། ས་གནས་དེ་གའི་དགོན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས“དགོན་སྡེ་ཁག་གི་གྲྭ་བཙུན་གྱི་མང་ཉུང་ཐད་ཕན་ཚུན་ལ་འགྲན་བསྡུར་མི་བྱེད་པར། བསླབ་པ་སློབ་གཉེར་ཐད་འགྲན་བསྡུར་བྱེད་དགོས”ཞེས་དགོན་སྡེ་དག་ཐེར་བཅོས་སྒྲིག་བྱ་དགོས་པའི་དགོངས་ཚུལ་བཏོན་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་གནས་བབ་འོག་ཏུ་ཡང་བསྐྱར་དར་སྤེལ་གཏོང་པ་དང་། སྔར་བས་འཕེལ་རྒྱས་གང་ལེགས་ཡོང་ཆེད། པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོའི་དགོན་དུ་སྤྱི་ཚོགས་རིང་ལུགས་ཀྱི་གནས་བབ་འོག་དགོན་སྡེར་དོ་དམ་གྱི་ཚོད་ལྟའི་ལས་རིམ་ལ་སྐུ་དངོས་ཀྱིས་གཙོ་འགན་བཞེས་པར་རིན་ཐང་ལྡན་པའི་ཉམས་མྱོང་ཐོབ་ཡོད་ཅིང་། ཁོང་གིས་རྟག་ཏུ་དད་ལྡན་མང་ཚོགས་ལ་བློ་སེམས་རྣམ་དག་གིས་ཆོས་ལ་དད་པ་བྱེད་རྒྱུ་མ་ཟད། མེས་རྒྱལ་ལ་དགའ་ཞེན་ལྡན་པའི་ངང་མི་དམངས་ཕན་བདེ་སྐྲུན་དགོས་ཞེས་བཀའ་སློབ་གནང་གི་ཡོད་པ་རེད།

W020190124477581004183.jpg

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དབུ་ཚུགས་པའི་ཚོགས་ཆེན་ཐོག་ཤིས་ཚིག་གསུངས་བཞིན་པ།

བོད་བརྒྱུད་ནང་བསྟན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་ཆེད། པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་དངོས་ཀྱིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་གནང་པ་འབྲེལ་གླིང་གཙོའི་འགན་བཞེས་ཏེ།   གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་མེས་རྒྱལ་ལ་དགའ་ཞེན་ཡོད་པ། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ། ཆོས་ལུགས་ཐད་བློ་སྦྱོང་ཆེན་པོ་ལྡན་པའི་ནང་བསྟན་གྱི་སྐྱེས་ཆེན་དམ་པ་གསོ་སྐྱོང་གནང་པར་མིག་དཔེ་བཟང་པོ་ཞིག་བཏོད་ཡོད་པ་རེད།

1987ལོའི་ཟླ9པའི་ཚེས1ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དངོས་སུ་གསར་འཛུགས་གནང་པ་དང་། པཎ་ཆེན་རིན་པོ་ཆེས་དབུ་ཚུགས་ཚོགས་འདུའི་ཐོག་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་པ་ནི་གསར་གཏོད་ཅིག་སྟེ། དེས་ནི་སྔོན་ཆད་ཀྱི་ཆོས་གྲྭར་སློབ་སྦྱོང་བྱེད་པའི་རྣམ་པར་འགྱུར་བ་བཏང་ནས་སློབ་གཉེར་བ་རྣམས་ཀྱིས་ཆོས་ལུགས་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད་ད་དུང་ཆབ་སྲིད་ལའང་སློབ་སྦྱོང་བྱ་དགོས་ཤིང་། ནང་བསྟན་སློབ་གླིང་གི་སློབ་གཉེར་གྱི་དམིགས་ཡུལ་ནི་ཆབ་སྲིད་སྟེང་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་་བྱེད་པ་དང་། ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ། མི་རིགས་ཁག་གི་མི་དམངས་བར་གྱི་མཛའ་བརྩེའི་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་པའི་མཐོ་རིམ་ཆོས་ལུགས་མི་སྣ་གསོ་སྐྱོང་གནང་རྒྱུ་དེ་ཡིན་ཞེས་ཞལ་གསུངས་གནང་པ་རེད།

སློབ་གླིང་བཙུགས་པ་ཉིད་ནས་བཟུང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་རྟོགས་པ། ནང་བསྟན་རིག་གནས་ལ་བྱང་ཆ་ལྡན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་གནང་རྒྱུ་དེ་ནི་སློབ་གླིང་གི་གླིང་གཉེར་ཁ་ཕྱོགས་དང་སློབ་གཉེར་ཁ་ཕྱོགས་ལ་བཟུང་ཡོད་པ་རེད།

W020190124477581041513.jpg

དབུ་ཚུགས་མཛད་སྒོར་ཞུགས་མཁན་འགོ་ཁྲིད་དག་གིས་དགོན་སེར་ནུབ་མ་དང་སློབ་མའི་ཉལ་ཁང་ལ་གཟིགས་ཞིབ་གནང་བཞིན་པ།

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་དེ་ནི་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་དང་། ལྷག་པར་དུ་བླ་མ་སྤྲུལ་སྐུ་མཉམ་དུ་རྩ་འཛུགས་བྱས་ཏེ་ཆབ་སྲིད་དང་ཚན་རིག  རིག་གནས་ཤེས་བྱར་སློབ་གཉེར་བྱེད་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་གྱིས་མཐོ་རིམ་གྲྭ་བཙུན་ཤེས་ལྡན་པ་གསོ་སྐྱོང་ཐད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་ཤིག་ཀྱང་ཡིན་ཏེ། དེའི་སྟེང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གསོ་སྐྱོང་གནང་པའི་སློབ་གསོ་ནི་དགོན་པའི་སློབ་ཁྲིད་བྱེད་སྟངས་ནས་དེང་རབས་ཅན་གྱི་སློབ་ཁྲིད་དུ་བསྒྱུར་པ་མཚོན།

ལོ་ངོ30ཡི་རིང་གི་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་རིམ་གྱིས་བློ་གཅིག་སེམས་གཅིག་དང་དཀའ་ངལ་མཉམ་སེལ།མཐུན་སྒྲིལ་མཉམ་ལས།  བདེན་འཚོལ་དངོས་གཉེར་གྱི་སྤྱོད་ལམ་བཟང་པོ་ཞིག་ཆགས་ཡོད་ཅིང་། དུས་རབས་གསར་པར་སླེབས་དུས། སློབ་གླིང་གིས“ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་གཙོ་བོའི་དགེ་མཚན”“ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གལ་ཆེན་གྱི་ནུས་པ” འདོན་སྤེལ་བྱ་རྒྱུར་སྔར་བས་དོ་སྣང་བྱས་པ་དང་།  གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་མེས་རྒྱལ་ལ་དགའ་ཞེན་ཡོད་པ། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ། ཆོས་ལུགས་ཐད་བློ་སྦྱོང་ངེས་ཅན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་རྐང་འཛིན་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་གནང་པ་བརྒྱུད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཡར་ཐོན་སྟོབས་ཤུགས་རྒྱ་སྐྱེད་བྱས་ཏེ་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གོང་འཕེལ་དང་བརྟན་བརླིང་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

W020190124477581088381.jpg

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ནང་རིག་ཆེད་སྦྱོང་འཛིན་གྲྭ་ཐོག་མ་སློབ་མཐར་ཕྱིན་པ།

པཎ་ཆེན་མཆོག་གི་སྐུ་ཚེ་གང་པོར་དྲན་གསོ་ཞུ་དུས། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་གནང་པ་ནི་ཁོང་གི་མཛད་རྗེས་རླབས་ཆེན་ཁྲོད་ཀྱི་ཆུ་ཐིགས་ཙམ་ལས་མ་འདས་ཤིང་། ཁོང་གིས་ཁོང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོའི་དགོངས་པ་དང་མཛད་རིམ་ཁག་ནི“དགའ་ཞེན་བཞིའི” རྩ་དོན་དང་དད་འདུན་ལ་མདོར་དྲིལ་ཡོད་ཅིང་། དེ་ནི“གུང་ཁྲན་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། རང་གི་མི་རིགས་ལ་དགའ་བ། རང་ཉིད་དད་སའི་ཆོས་ལུགས་ལ་དགའ་བ”བཅས་རེད། པཎ་ཆེན་རིན་པོ་ཆེ་ང་ཚོ་དང་ཞལ་གྱེས་ནའང་། ཁོང་གིས་མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་ཡར་རྒྱས་འགྲོ་བའི་རང་ནུས་ཅི་ལྕོགས་བཏོན་པའི་སྙིང་སྟོབས་ནི་བསམ་པའི་རྒྱགས་ཕྱེ་ནང་བཞིན་ཇི་སྲིད་སྐལ་བརྒྱའི་བར་དུ་བརྟན་པོར་གནས་ངེས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།