བོད་ལྗོངས་མངའ་རིས་སུ་མཚོ་བོད་ས་མཐོའི་ཡི་གེ་མ་བྱུང་གོང་གི་བྲག་ཕུག་གི་གནའ་ཤུལ་ཐོག་མ་རྙེད།

137717334_15465055901301n.jpg

137717334_15465055901731n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་སྲོག་ཆགས་དང་གནའ་མི་ཞིབ་འཇུག་སུའོ་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་ལ། བོད་ཀྱི་མངའ་རིས་ནས་ཡི་གེ་མ་བྱུང་གོང་བྲག་ཕུག་གནའ་ཤུལ་ཐོག་མ་སྟེ་མེ་ལོང་ལྟག་ཕུག་ཅེས་པ་རྙེད་པ་རེད།

བྲག་ཕུག་དེ་ས་བབ་མཐོ་ཚད་སྨི4600ལྷག་ཙམ་གྱི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་སུ་གནས་ཤིང་། དེ་བྲག་ཕུག་གཉིས་ལས་གྲུབ་ཡོད། དེའི་ནང་གི་བྲག་ཕུག་གཅིག་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ1000ལྷག་ཙམ་ཡོད་པ་དང་། གཞན་དེར་རྒྱ་ཁྱོན་སྨི་ངོས་གྲུ250ཙམ་ཡོད། དེ་བཞིན་གནའ་མིའི་རིག་གནས་ཀྱི་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད། སོལ་མའི་མ་དཔེར་ཚད་འཇལ་ནས་ལོ་དཔྱད་བྱས་པའི་འབྲས་བུ་ལས་མངོན་པར། ད་བར་ལོ4000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་མེ་ལོང་ལྟག་ཕུག་ནི་ས་མཐོའི་དབུས་རྒྱུད་དུ་མིག་སྔའི་བར་ས་རིམ་གྱི་ཆ་འཕྲིན་གསལ་ཤེས་ལྡན་པའི་རྡོ་ཆས་འཇམ་རིགས་དུས་ཀྱི་གནའ་ཤུལ་ཞིག་རེད།

137717334_15465055902231n.jpg

137717334_15465055902611n.jpg

ངོ་སྤྲོད་བྱས་པར་གཞིགས་ན། མེ་ལོང་ལྟག་ཕུག་རྙེད་པ་ལས་མཚོ་བོད་ས་མཐོའི་ནུབ་རྒྱུད་ས་ཁུལ་གྱི་གནའ་མི་འཚོ་གནས་དང་། གནས་སྤོ་རིམ་འགྱུར། མི་ཚོགས་ཕན་ཚུན་སྤེལ་རེས་སོགས་ཀྱི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དེས་རྡོ་ཆས་འཇམ་རིགས་དུས་ཀྱི་ལག་རྩལ་ལྡན་པའི་མི་ཚོགས་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་འགུལ་སྐྱོད་བྱེད་པའི་དུས་ཚོད་དང་འཚོ་རྟེན་གྱི་ལས་རིགས་སྤེལ་ཐབས་ལ་ཞིབ་འཇུག་དང་ཤེས་རྟོགས་བྱ་རྒྱུར་དཔང་རྟགས་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་མ་ཟད། ད་དུང་ཡི་གེ་མ་བྱུང་གོང་གི་མི་དང་རང་བྱུང་ཁམས་དབར་གྱི་སྤེལ་རེས་དང་། ཁོར་ཡུག་གི་འཕོ་འགྱུར། བོད་ཀྱི་ས་ཆ་དེ་གའི་ཞིང་ལས་དང་འབྲོག་ལས་ཀྱི་འབྱུང་ཁུངས་དང་། ཁྱབ་སྤེལ། དེ་བཞིན་ཡི་གེ་མ་བྱུང་གོང་གི་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་ཡིག་ཆ་མཁོ་འདོན་ཡང་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།