འབྲེལ་ཡོད་ཚན་པས་འཇོ་མདའི་བཅུ་པའི་ཚེས11ཉིན་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་བཀོད་སྒྲིག་ཞིབ་ཚག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས3ཉིན།  འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཅུ་པའི་ཚེས11ཉིན་གྱི་རི་རུད་ཁུལ་དུ་སླར་ཡང་རི་ཉིལ་ནས་འཁྱིལ་མཚོའི་ཆུ་ཁ་མུ་མཐུད་མཐོ་རུ་འགྲོ་གི་ཡོད་ཀྱང་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མཐུན་སྒྲིལ་རོགས་འདེགས་བྱས་པ་བརྒྱུད་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་བཀོད་སྒྲིག་ཡག་པོ་བྱུང་ཡོད།

སྤོ་ལོ་ཤང་སྲིད་གཞུང་དང་རྒྱང་ཐག་སྤྱི་ལེ6ཡོད་པའི་ཁམས་བཀྲ་ཤིས་བཀོད་སྒྲིག་ས་ཚིགས་སུ་འབྲས་ཐོག་གྲོང་ཚོ་དང་ཉིང་པ་གྲོང་ཚོ།  པད་དགེ་གྲོང་ཚོ་བཅས་ཀྱི་དུད་ཚང124ཡི་མི་གྲངས857བཀོད་སྒྲིག་བྱས་ཡོད།  ཟླ་ཕྱེད་གོང་དང་མི་འདྲ་བར་ད་ཆ་བཀོད་སྒྲིག་ཁུལ་དེར་གུར་ཐུག་པོ་ཕུབ་ཡོད་པ་མ་ཟད།  དམངས་སྲིད་ཚན་པས་ད་དུང་སྲིང་བལ་གྱི་སྟོད་གོས་དང་མལ་ཆས་སོགས་སྤྲད་ཡོད་ལ།  གཙང་ཆུའི་འགྲམ་གྱི་སྤོ་ལོ་དགོན་པའི་དགེ་འདུན་པ་ཡང་བཀོད་སྒྲིག་ཁུལ་དུ་སྤོས་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ཟླ11པའི་ཚེས3ཉིན་རི་ཉིལ་བའི་གནས་ཚུལ་ཐོན་ཚུན་འཇོ་མདའ་དང་འགོ་འཇོ།  སྨར་ཁམས་བཅས་རྫོང་གསུམ་གྱིས་ཁྱོན་དུད་ཚང600ལྷག་ཙམ་གྱི་མི་གྲངས3000ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།