བོད་ལྗོངས་ཀྱི་ཁེ་ལས49ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཚོང་འདུས་སྐབས་བཅུ་དྲུག་པའི་ནང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་ལྔའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་བཅུ་དྲུག་པ་དང་ཀྲུང་གོའི་དབུས་རྒྱུད་ཞིང་ལས་འགྲེམས་ཚོགས་ཀྱི་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་ཉི་ཤུ་པ་སྤྱི་ཟླ11པའི་ཚེས5ཉིན་གྱི་སྔ་དྲོ་གྲང་ཧྲའ་རུ་མཇུག་སྒྲིལ་བ་དང་།  འགྲེམས་ཚོགས་ནང་བོད་ལྗོངས་ཀྱི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་ཚོ131ཟིན་ཡོད།

སྐབས་འདིའི་ཞིང་ལས་ཐོན་རྫས་ཚོང་འདུས་ནང་རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་དང་སྡེ་གླིང་ཁུལ་གྱི་ཁེ་ལས།  ཞིང་འབྲོག་པའི་མཉམ་ལས་ཁང་སོགས་ཁེ་ལས49ཞུགས་པ་དང་ཕྱོགས་བསྡུས་འགྲེམས་ཁུལ་དང་།  ཁུལ་གསུམ་དང་ཀྲའུ་གསུམ་གྱི་དབུལ་སྐྱོར་འགྲེམས་ཁུལ།  དབུལ་སྐྱོར་ཐོན་ལས་གླིང་གི་འགྲེམས་ཁུལ།  ཡུལ་ལུང་གི་ཞིང་ལས་ཐོན་རྫས་མཚོན་རྟགས་འགྲེམས་ཁུལ།  ཞིང་སྦོལ་འགྲེམས་ཁུལ་བཅས་ཆེད་དོན་འགྲེམས་སྟོན་ཁུལ་ལྔ་བཙུགས་པ་དེ་དག་ཏུ་ཞིང་འབྲོག་ཐོན་རྫས་སྣེ་ཁ160ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།

བསྡོམས་རྩིས་རྒྱབ་པར་གཞིགས་ན།  འགྲེམས་སྟོན་ཁུལ་ལྔས་ཁྱོན་འཛད་སྤྱོད་པ་མི་ཐེངས་ཁྲི་ཚོ10ལྷག་ཙམ་སྣེ་ལེན་ཞུས་པ་དང་།  བློ་འདྲི་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་མཁན་ཚོང་པ་མི་ཐེངས600ལས་བརྒལ་བའི་ནང་ཚབ་འཚོང་སོགས་མཉམ་ལས་འདོད་འདུན་ཡོད་མཁན་མི་ཐེངས120ཡོད་པ་དེ་སྐབས་གོང་མ་ལས་མི་ཐེངས50ཙམ་མང་དུ་ཕྱིན་ཡོད།  ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་ཚོ131ཟིན་པ་དེ་སྐབས་གོང་མ་ལས་སྒོར་ཁྲི་ཚོ50ཙམ་འཕར་ཡོད།  གཞན་ཡང་འགྲེམས་ཚོགས་ནང་ཞུགས་མཁན་བོད་ཀྱི་ཁེ་ལས་ཀྱིས་སྔ་རྗེས་སུ་རྒྱལ་ནང་གི་གློག་རྡུལ་ཚོང་དོན་སྟེགས་བུ་མང་པོ་ཞིག་དང་འབྲེལ་བ་བྱས་པའི་ནང་མཉམ་ལས་ཀྱི་འདོད་འདུན་ཡོད་མཁན20ལྷག་ཙམ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།