བོད་ཀྱི་དངུལ་རྩའི་ཁེ་ལས་ཀྱིས་མཐའ་མཚམས་ཀྱི་ཞིང་འབྲོག་པར“བདེ་སྡོད”ཕུགས་བསམ་འགྲུབ་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པ་ལྟར་ན། ཉེ་བའི་ལོ་ལྔའི་རིང་སྒྲིག་གཞི་དེས་མཐའ་མཚམས་ས་ཁུལ་དུ་བདེ་སྡོད་ལས་གྲྭའི་དངུལ་བུན་ཁྱོན་སྒོར་དུང་ཕྱུར1.08བཏང་ནས་མཐའ་མཚམས་ས་ཁུལ་གྱི་དུད་ཚང་ཁྲི1.03དང་ཞིང་འབྲོག་པ་ཁྲི5.04ལ་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཡོད། བོད་ཀྱི་ཚོང་ལས་དངུལ་ཁང་ཆེ་ཤོས་ཡིན་པའི་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“དངུལ་རྩར་བརྟེན་ནས་མཐའ་མཚམས་སྲུང་རྒྱུ”དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་པ་དང་སྦྲགས་གྲུབ་འབྲས་མངོན་གསལ་དོད་པོའང་ཐོབ་ཡོད།

མིག་སྔའི་བར་དངུལ་ཁང་དེས་མཐའ་མཚམས་སུ་སྒྲིག་གཞི65བཙུགས་པ་དེས་རྒྱལ་ཡོངས་ཀྱི་ཞིང་ལས་དངུལ་ཁང་ཁོངས་གཏོགས་ཀྱི་མཐའ་མཚམས་དྲ་ཚིགས་ཀྱི་སྒྲིག་གཞིའི34%བཟུང་ཡོད། མཐའ་མཚམས་ཀྱི་སྐྱས་སྤོས་འབྲོག་པ་གཞིས་ཆགས་དང་ཡུལ་ནད་ཀྱི་རྐྱེན་པས་གནས་སྤོ་སོགས་ལ་མ་དངུལ་མཁོ་བར་གཞིགས་ཏེ་དངུལ་ཁང་དེས་ཡིད་རྟོན་དངུལ་བུན་བཏང་ནས་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་མཐའ་མཚམས་ཀྱི་ཞིང་འབྲོག་པར“བདེ་སྡོད”ཕུགས་བསམ་འགྲུབ་རོགས་བྱས་ཡོད།

དངུལ་ཁང་དེས་ད་དུང“ཕ་ལམ་དང་། གསེར། དངུལ། ཟངས”བཅས་ཀྱི་ཡིད་རྟོན་རིམ་པའི《ཞིང་འབྲོག་དུད་ཀྱི་བུན་གཏོང་ལག་ཁྱེར》གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་རྒྱུ་གཞི་རྟེན་དུ་བྱས་ནས་མཐའ་མཚམས་ཀྱི་ཞིང་འབྲོག་པར་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་བཅོས་ཡོང་བར་རྒྱབ་སྐྱོར་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་མཐའ་མཚམས་ས་ཁུལ་གྱི《ཞིང་འབྲོག་དུད་ཀྱི་བུན་གཏོང་ལག་ཁྱེར》ལ་དངུལ་བུན་སྒོར་དུང་ཕྱུར10.08བཏང་ཡོད།

ད་ལོའི་ཟླ5པའི་ཟླ་མཇུག་བར་དངུལ་ཁང་དེས་ས་མཚམས་ས་ཁུལ་དུ《ཞིང་འབྲོག་དུད་ཀྱི་བུན་གཏོང་ལག་ཁྱེར》སྤྲོད་ཚད་ཁྲི3.64ཟིན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐའ་མཚམས་ཀྱི་མི་སེར་བདེ་སྡོད་ལས་བརྩོན་ཡོང་བ་བྱས་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།