ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཆབ་མདོར་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

W020180713341477417126.jpg

འདི་ནི་ལི་ཧུང་ཀྲུང་དང་བཅས་པས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷའི་ཕེབས་རོགས་འོག་ཆབ་མདོ་གྲོང་ཁྱེར་ཁ་རུབ་གྲོང་རྡལ་འདམ་སྐྱོ་ཐེན་ཅིན་གྲོང་གསར་གྱི་གྲོང་མི་ཤེས་རབ་དབྱངས་ཅན་གྱི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོའི་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས9ནས་ཚེས11ཉིན་བར་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཀྲུང་དང་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲང་གོ་ཆིང་གིས་ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས9ནས་ཚེས11ཉིན་བར་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཀྲུང་དང་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲང་གོ་ཆིང་གིས་ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ནས་ཐེན་ཅིན་དང་བོད་ལྗོངས་དབར་སྤེལ་རེས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་དང་འབྲེལ། ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།

ཚེས10ཉིན་གྱི་སྔ་དྲོ་ལི་ཧུང་ཀྲུང་དང་ཀྲང་གོ་ཆིང་གིས་ཆར་སིམ་ཁྲོད་དུ་ཆབ་མདོ་གྲོང་ཁྱེར་ཁ་རུབ་གྲོང་རྡལ་འདམ་སྐྱོ་ཐེན་ཅིན་གྲོང་གསར་དང་།  གྲོང་ཁྱེར་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་། པོ་ཡུས་ཞིང་ལས་སྣོད་བཅུད་ལྡུམ་ར། ཐེན་ཅིན་ཟམ་ཆེན་སོགས་ཐེན་ཅིན་གྱི་རོགས་སྐྲུན་རྣམ་གྲངས་ལ་རྟོག་ཞིབ་གནང་བ་རེད། ཁ་རུབ་གྲོང་རྡལ་འདམ་སྐྱོ་ཐེན་ཅིན་གྲོང་གསར་ནི་ཡུལ་གཞན་དུ་གནས་སྤོས་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། ཁྱོན་ཞིང་འབྲོག་མང་ཚོགས543གྱི་དུད་ཚང127སྤོས་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་འཆར་གཞི་ལྟར་ན་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ6000ཟིན་རྒྱུ་དང་། ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི8630བཏང་བ་དེ་ཁྱོན་སྨི་ངོས་གྲུ་ཁྲི2.1ཟིན་པའི་ཡིག་རིས་ཆ་འཕྲིན་ལྟེ་གནས་དང་། ཕྱོགས་བསྡུས་གཞུང་དོན་ཐོག་ཁང་། དངོས་སྦྱོང་སློབ་ཁྲིད་ཐོག་ཁང་སོགས་བསྐྲུན་རྒྱུར་སྤྱོད་རྒྱུ་ཡིན་པ་དང་། པོ་ཡུས་ཞིང་ལས་སྣོད་བཅུད་ལྡུམ་རའི་རྣམ་གྲངས་ཀྱིས་སྔོན་དཔག་བྱས་ན་རྫོས་པ་གྲོང་ཚོའི་གྲོང་མི100ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་ས་གནས་དེ་གའི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐེབས་རྒྱུ་ཡིན་པ་རེད། འདམ་སྐྱོ་ཐེན་ཅིན་གྲོང་གསར་དུ་ལི་ཧུང་ཀྲུང་དང་བཅས་པ་དབུལ་སྒྲོལ་དུད་ཚང་ཤེས་རབ་དབྱངས་ཅན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོར་འཚམས་འདྲི་གནང་བ་མ་ཟད། ད་དུང་ཤེས་རབ་དབྱངས་ཅན་གྱི་ནང་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱང་གནང་བ་རེད། ཤེས་རབ་དབྱངས་ཅན་གྱིས་སེམས་འགུལ་ཐེབས་བཞིན་དུ་ཐེན་ཅིན་གྱི་རོགས་སྐྲུན་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ལྷུག་པོར་གླེང་བ་རེད། ལོ་དྲུག་ལ་སླེབས་པའི་བུ་མོ་བཀྲ་ཤིས་ཚེ་སྐྱིད་ཀྱིས་ཚང་མར་བུ་བཅོལ་ཁང་ནས་སྦྱངས་པའི་བྱིས་གླུ་བླངས་པ་དང་། ལི་ཧུང་ཀྲུང་གིས་བུ་མོ་བཀྲ་ཤིས་ཚེ་སྐྱིད་ལ་སློབ་སྦྱོང་ཡག་པོ་བྱས་ནས་ཤེས་ལྡན་པ་ཞིག་བྱ་རྒྱུའི་སྐུལ་ལྕག་གནང་བ་དང་ཆབས་ཅིག ཁྱིམ་མི་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ད་ཆ་ཁྱེད་ཚོར་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་རྒྱུ་ཡོད་པས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ཏང་གི་བོད་སྐྱོར་སྲིད་ཇུས་བཅས་ལ་ཐུགས་རྗེ་ཆེ་ཞུ་དགོས། ཐེན་ཅིན་གྱིས་ཁྱེད་ཚོ་ཚང་མ་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ཁྱེད་ཚོའི་འཚོ་བ་སྔར་ལས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བརྩེ་བ་ཟབ་མོའི་སྒོ་ནས་གསུངས་པ་རེད། ལི་ཧུང་ཀྲུང་གིས་ཤེས་རབ་དབྱངས་ཅན་གྱི་ཁྱིམ་ཚང་དང་མི་རིགས་མཐུན་སྒྲིལ་གྱི་གཉེན་ཉེ་བསྒྲིགས་ནས། ཁོམ་པ་ཡོད་དུས་ཐེན་ཅིན་དུ་ཡོང་ནས་གཉེན་ཉེར་ལྟ་བ་དང་ཆབས་ཅིག་ནང་སའི་འཕེལ་རྒྱས་ལ་ལྟ་རྒྱུའི་གྲོས་འགོ་བཏོན་གནང་བར། ཤེས་རབ་དབྱངས་ཅན་གྱི་ཁྱིམ་མི་ཚང་མ་དགའ་སྤྲོ་རབ་ཏུ་འཕེལ་ཞིང་བུ་མོ་བཀྲ་ཤིས་ཚེ་སྐྱིད་ཀྱིས་སྙིང་ཉེ་བའི་ངང་སྤོ་བོ་ལགས་ཞེས་འབོད། མི་སེམས་འགུལ་བའི་ངང་ཚུལ་དེ་ཀུན་གྱིས་བརྗེད་དཀའ་བ་ཞིག་རེད།

ཕྱི་དྲོ་འཚོགས་པའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲང་གོ་ཆིང་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཐེན་ཅིན་དང་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད། ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་དང་ཐེན་ཅིན་བོད་སྐྱོར་གྱི་དུས་འགོའི་མཛུབ་ཁྲིད་ལས་དོན་གྱི་སྙན་སེང་གསན་པ་རེད།

ལི་ཧུང་ཀྲུང་གི་གསུང་བཤད་གནང་སྐབས་ད་ཐེངས་ཆབ་མདོར་རྟོག་ཞིབ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་ལག་ལེན་སློབ་གསོའི་སློབ་ཚན་ཞིག་རེད། ད་ཐེངས་ང་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མྱོང་ཚོར་བྱུང་། ལྷག་པར་དུ་བོད་ཀྱི་རིམ་ཁག་ཏང་སྲིད་ལས་བྱེད་པའི་ལུས་ཐོག་ནས་མངོན་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི་སེམས་གཏིང་ནས་ཡི་རངས་གོང་བཀུར་ཞུ་འོས་པ་ཞིག་རེད། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད། མཐའ་མཚམས་དར་རྒྱས་བརྟན་ལྷིང་བྱུང་ཚེ། མེས་རྒྱལ་ནང་སའི་འཕེལ་རྒྱས་ལ་གཞི་ནས་དེ་བས་སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱིས་འགན་ལེན་བྱེད་ཐུབ་ཅེས་གསུངས་པ་རེད།

ལི་ཧུང་ཀྲུང་གིས་ཐེན་ཅིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག“འདུ་ཤེས་བཞི”ཟབ་ཏུ་བཏང་ནས། ཏང་ཀྲུང་དབྱང་གིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་པ་དང་། དུས་མཚམས་གསར་པའི་བོད་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པར་ཟུང་འབྲེལ་དམ་ཟབ། “གཞན་བརྟེན”དང“རང་བརྟེན”བར་གྱི་འབྲེལ་བ་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ། བོད་སྐྱོར་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བཅས་བྱས་ནས། ས་གནས་དེ་གར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རིམ་སྤོར་ཤུགས་འདོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས། “རིམ་མང་ཡོངས་ཁྱབ་དང་ཚད་ཡོད་ཚད་མེད་ཟུང་འབྲེལ་བྱ་རྒྱུ”མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་། ཆུས། ཁྲོམ་གཞུང(ཤང་དང་གྲོང་རྡལ)བཅས་ཁྱོན་ཡོངས་ཀྱི་བོད་སྐྱོར་འབྲེལ་མཐུད་ལམ་སྲོལ་བཙུགས་ནས། ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་བེད་སྤྱོད་ཡག་པོ་དང་ཚད་མེད་ཀྱི་་བརྩེ་བར་བརྟེན་ནས་ཁེ་ལས་སོགས་སྤྱི་ཚོགས་སྟོབས་ཤུགས་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུ་དང་ཁོང་ཚོའི་འཚོ་བ་ལེགས་སུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས། རིག་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐེན་ཅིན་གྱི་ལས་རིགས་སློབ་གསོའི་ལེགས་ཆ་འདོན་སྤེལ་བྱས་ནས། སློབ་གསོ་དང་། རིག་གནས། སྨན་བཅོས་བཅས་ཀྱི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས། ས་གནས་དེ་གའི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་དམིགས་ཚད་མཐའ་འཁྱོངས་ཀྱིས་བོད་ཀྱི་སྣོད་བཅུད་ཀྱི་ལེགས་ཆ་དང་། ཐེན་ཅིན་གྲུ་ཁ་དང་རིག་ནུས་བཟོ་སྐྲུན་སོགས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤེལ་རེས་མཉམ་འདྲེས་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་སེམས་མཐུན་འབྲེལ་འདྲིས་ལ་སྣང་ཆེན་བྱས་ནས་ཐེན་ཅིན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་གྱི་སྤུན་ཟླའི་མཛའ་བརྩེ་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཐེན་ཅིན་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། དམངས་འཚོ་ཆེས་ཆེར་ལེགས་སུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ། མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་དེ་བས་ཟབ་ཏུ་སོང་བ། ཆོས་ལུགས་ཉིན་བཞིན་ཞི་མཐུན་བྱུང་བ། མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡིན་པ། མང་ཚོགས་ཀྱི“ང་ལ་བརྟན་ལྷིང་དགོས་པའི”འདུན་པ་དེ་བས་ཆེ་རུ་སོང་བ་བཅས་བྱུང་ནས། བོད་འདི་ཉིད་ལོ་རྒྱུས་ཐོག་དུས་སྐབས་ཡག་ཤོས་གྲས་སུ་སླེབས་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ཐེན་ཅིན་གྲོང་ཁྱེར་གྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་གཟི་བརྗིད་ལྡན་པའི་འགན་འཁྲིར་བརྩིས་ཏེ། རྣམ་གྲངས་དང་། མ་དངུལ། ཤེས་ལྡན་པ། ལག་རྩལ་སོགས་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། རོགས་སྐྱོར་དང་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས། ཐེན་ཅིན་གྱི་རོགས་སྐྱོར་མ་དངུལ་ཡག་པོ་སྤྱོད་པ་དང་། རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ། ལས་བྱེད་པར་དོ་དམ་ཡག་པོ་བྱེད་པ་བཅས་བྱས་པ་བརྒྱུད་ཐེན་ཅིན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཆ་རྐྱེན་བཟང་པོ་གཏོད་རྒྱུ་ཡིན། ཐེན་ཅིན་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཆབ་མདོ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཆབ་མདོར་བཞུགས་རིང་ཐེན་ཅིན་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་ཐེན་ཅིན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་བ་རེད། ལི་ཧུང་ཀྲུང་གིས་བོད་སྐྱོར་ལས་བྱེད་པ་ཚོར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་སྤོབས་སེམས་ཆེན་པོས། ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བྱེད་པ། བོད་སྐྱོར་ལས་དོན་གྱི་ལས་གནས་ཐོག་བློ་སྟོབས་ཞུན་བརྡར་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བ། བརྩེ་སེམས་ཟབ་མོའི་ཐོག་ནས་ལས་དོན་སྤེལ་བ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།