​འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་གླིང་སྒྲུང་གི་བོད་སྐད་རྒྱ་བསྒྱུར་ལས་གཞིར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་གླིང་སྒྲུང་གི་བོད་སྐད་རྒྱ་བསྒྱུར་ལས་གཞིར་གྲུབ་འབྲས་གལ་ཆེན་ཐོབ་ནས་རྟ་རྒྱུགས་རྒྱལ་འཇོག་དང་བྱང་སྟག་མོ་དངུལ་རྫོང་།  མི་ཉག་གསེར་རྫོང་།  ལྷོ་ཐན་སི་རྒྱལ་པོའི་བ་རྫོང་སྟོད་ཆ།  བྱེ་རི་བྱུར་རྫོང་སྨད་ཆ་བཅས་དེབ5ཉེ་དུས་དཔེ་སྐྲུན་འགྲེམས་སྤེལ་ཟིན་པས།  ད་བར་གླིང་སྒྲུང་རྒྱ་སྒྱུར་ལས་གཞིས་དེབ་བཅུ་བསྒྱུར་ཟིན་ནས་རྣམ་གྲངས་སྤྱིའི་སུམ་ཆ་གཅིག་ཟིན་གྱི་ཡོད། 

གླིང་སྒྲུང་གི་བོད་སྐད་རྒྱ་བསྒྱུར་རྣམ་གྲངས་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་།  སྤྱི་ལོ2014ལོར་བསྒྱུར་འགོ་བཙུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་ཚོ766བཏང་ཡོད།  རྣམ་གྲངས་དེས་སྒྲུང་པ་བསམ་གྲུབ་ཀྱི་བབ་སྒྲུང་ལ་གཞི་བྱས་ཏེ་པེ་ཅིང་དང་ཀན་སུའུ།  མཚོ་སྔོན།  བོད་ལྗོངས་བཅས་ཀྱི་རིགས་གཅིག་མཁས་དབང50ཙམ་ཞུགས་ཡོད།  སྤྱི་ལོ2017ལོར་ལྷ་གླིང་གབ་རྩེ་དགུ་བསྐོར་དང་འདན་མ་ནས་རྫོང་།  མོན་གླིང་གཡུལ་འགྱེད་སོགས་ཚུད་པའི་ཁག་དང་པོའི་དེབ་ལྔ་དངོས་སུ་དཔེ་སྐྲུན་ཟིན་ཡོད། 

རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཟོའོ་ཡི་ཟོའོ་ཀྲང་ཚེ་རིང་ཕུན་ཚོགས་ནས།  སྐུ་གཤེགས་ཟིན་པའི་སྒྲུང་པ་བསམ་གྲུབ་ཀྱི་བབ་སྒྲུང་ལ་གཞིགས་ནས་ལེགས་སྒྲིག་དཔེ་སྐྲུན་བྱས་པའི་སྒྲུང་པ་བསམ་གྲུབ་ཀྱི་བབ་སྒྲུང་ཞེས་པའི་གླིང་སྒྲུང་དེ་ནི་ད་ལྟ་རྒྱལ་ནང་དུ་མ་ལག་ཆ་ཚང་ཤོས་ཀྱི་གླིང་སྒྲུང་ཞིག་ཡིན་པ་དང་།  དེའི་རྒྱ་སྒྱུར་ལས་དོན་སྤེལ་བ་བརྒྱུད་ཀློག་པ་པོ་དེ་བས་མང་བས་གླིང་སྒྲུང་ལ་ངོས་འཛིན་དང་ཤེས་རྟོགས་སྔར་བས་ཟབ་པ་བྱུང་ནས་མི་རིགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས་ཡོད། 

གླིང་སྒྲུང་རྒྱ་སྒྱུར་རྣམ་གྲངས་ཀྱི་སྒྱུར་དེབ30ཡོད་པ་དང་དཔར་སྐྲུན་བྱས་ཟིན་པའི་དེབ10ཕུད་དེང་སྐབས་དེབ6རྒྱ་སྒྱུར་གྱི་ལས་དོན་ལེགས་སྒྲུབ་ཟིན་པ་དང་།  རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་བརྒྱུད་དཔེ་སྐྲུན་ཁང་དུ་པར་སྐྲུན་བྱེད་རྒྱུར་རྩིས་སྤྲོད་བྱས་ཟིན་པ་དང་དེ་འཕྲོས་ཀྱི་དེབ14ཡིག་སྒྱུར་དང་ཞུ་དག་བྱེད་བཞིན་ཡོད། 

གླིང་སྒྲུང་ནི་གནའ་དུས་བོད་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་མངོན་པའི་རིག་གནས་ཀུན་བཏུས་ཀྱི་དེབ་ཅིག་ཡིན་པ་དང་།  བོད་ཀྱི་གནའ་དུས་ཀྱི་ལྷ་སྒྲུང་དང་ངག་རྒྱུན།  གཏམ་རྒྱུད།  དམངས་གླུ།  གཏམ་དཔེ་སོགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་ཐོག་གོང་འཕེལ་ཕྱིན་པ་ཞིག་ཡིན་ཞིང་གནའ་དུས་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་བཟང་ཤོས་ཤིག་ཡིན་པ་ཡང་མཚོན་གྱི་ཡོད་པ་དང་།  སྤྱི་ལོ2009ལོར་གླིང་སྒྲུང་དེ་འཛམ་གླིང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་ཚུད་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།