2019ལོར་བོད་ལྗོངས་སུ་གནམ་གྲུ་ཐང་གསུམ་བསྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས8ཉིན་འཚོགས་པའི་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་བོད་ཀྱི་གནམ་ཐང་འཛུགས་སྐྲུན་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་རང་སྐྱོང་ལྗོངས་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ལྷོ་ཁ་ལྷུན་རྩེ་གནམ་ཐང་དང་གཞིས་རྩེ་དིང་རི་གནམ་ཐང་།  མངའ་རིས་སྤུ་ཧྲེང་གནམ་ཐང་བཅས་ཡན་ལག་གནམ་ཐང་གསུམ་སྤྱི་ལོ2019ལོར་བསྐྲུན་འགོ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་དང་།  ས་བབ་མཐོ་ཚད་སྤྱི་ཁྲེ3900ཡན་ཟིན་པའི་གནམ་ཐང་དེ་གསུམ་པོ་བསྐྲུན་ཟིན་རྗེས་བོད་ཀྱི་མངའ་ཁོངས་སུ་གནམ་གྲུ་ཐང་ཁ་གྲངས་བརྒྱད་ཟིན་རྒྱུ་ཡིན་པས།  ཡུལ་སྐོར་བ་ཐད་ཕྱིར་བསྐྱོད་སྟབས་བདེ་རུ་འགྲོ་རྒྱུ་མ་ཟད།  བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཐད་ལ་ཡང་ཕན་པ་ཐོབ་རྒྱུ་རེད།

ཚོགས་འདུའི་ཐོག་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ད་ལོའི་སྤྱི་ཟླ4པར་ལྷུན་རྩེ་གནམ་ཐང་དང་དིང་རི་གནམ་ཐང་།  སྤུ་ཧྲེང་གནམ་ཐང་།  ལྷ་ས་གོང་དཀར་གནམ་ཐང་གི་འབབ་ཐང་གཉིས་པ་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ཉན་པ་དང་།  བོད་དུ་གནམ་ཐང་རོགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ལས་ཀའི་ཇུས་གཞིར་ཞིབ་འཇུག་བྱས་པ་རེད།  དེང་སྐབས་གསར་སྐྲུན་གནམ་ཐང་གསུམ་གྱི་དུས་འགོའི་ལས་དོན་སྤེལ་བཞིན་པ་དང་།  གནམ་ཐང་སྐྲུན་ཁུལ་གཏན་འཁེལ་རགས་ཙམ་ཟིན་ཞིང་གནམ་ཐང་སྐྲུན་ཁུལ་ཁག་གི་གནས་སྐབས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་ཟིན་པ་རེད།

ཚོགས་འདུའི་ཐོག་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་རོགས་སྐྲུན་ཚན་པའི་བར་བོད་ལྗོངས་ཀྱི་གནམ་གྲུ་ཐང་མངགས་བཅོལ་རོགས་སྐྲུན་གྱི་གྲོས་མཐུན་ཡི་གེ་བཞག་ཟིན་ཞིང་།  དེའི་ནང་རྒྱལ་སའི་གནམ་ཐང་ཚོགས་པས་ལྷོ་ཁ་ལྷུན་རྩེ་གནམ་ཐང་གི་སྐྲུན་འགན་འཁུར་རྒྱུ་དང་།  ཧྲང་ཧའེ་གནམ་ཐང་ཚོགས་པས་གཞིས་རྩེ་དིང་རི་གནམ་ཐང་གི་སྐྲུན་འགན་འཁུར་རྒྱུ།  ནུབ་རྒྱུད་གནམ་ཐང་ཚོགས་པས་མངའ་རིས་སྤུ་ཧྲེང་གནམ་ཐང་གི་སྐྲུན་འགན་འཁུར་རྒྱུ་བཅས་རེད།  གནམ་ཐང་གསུམ་པོ་སྐྲུན་རིང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལོ་ལྟར་ཉུང་མཐར་ཡང་ལག་རྩལ་དང་དོ་དམ་པ་ཉི་ཤུ་རོགས་སྐྱོར་བྱེད་མཁན་ཚན་པར་དངོས་སྦྱོང་བྱེད་པར་གཏོང་རྒྱུ་དང་།  གནམ་གྲུ་ཐང་བསྐྲུན་ཟིན་རྗེས་རོགས་སྐྱོར་བྱེད་མཁན་ཚན་པས་གནམ་ཐང་ལོ་གཅིག་ནས་གཉིས་བར་འཁོར་རྒྱུག་བྱས་རྗེས་རོགས་སྐྱོར་བྱ་ཡུལ་ལ་རྩིས་སྤྲོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།