བོད་ལྗོངས་ཀྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ཤར་ཚུན། བོད་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་སྣེ་ཁྲིད་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་བཅས་བྱས་ཏེ་གཙོ་གནད་ནུས་རྒྱུ་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་གཙོ་གནད་ནུས་རྒྱུ་རྣམ་གྲངས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། དུས་ཚིགས་དང་པོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར51.8བཏང་བ་སྟེ། གློག་ཁུངས་ལས་གྲྭར་སྒོར་དུང་ཕྱུར23.6དང་གློག་དྲ་ལས་གྲྭར་སྒོར་དུང་ཕྱུར28.2བཏང་ཡོད། ལྗོངས་ཡོངས་སུ་ཆན་ཝ་ཁྲི་4ཟིན་པའི་འཕྲུལ་འཁོར་གསར་དུ་སྒྲིག་སྦྱོར་བྱས་ཤིང་། ཟླ་བ་གསུམ་པའི་ཟླ་མཇུག་བར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི313ཟིན་པ་དང་རིམ་རྩིས་བྱས་ན་གློག་འདོན་ཚད་ཏུའུ་དུང་ཕྱུར10.88ཟིན་པ་དེ་དུས་མཚུངས་ལས5.7%འཕར་ཡོད། རིམ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཏུའུ་དུང་ཕྱུར15.32ཟིན་པ་དེ་དུས་མཚུངས་ལས10%འཕར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་བོད་ལྗོངས་ཀྱི་གཙོ་གནད་ནུས་རྒྱུ་རྣམ་གྲངས་ཀྱི་ཁྲོད་དུ་ཁྱོན་རྣམ་གྲངས་ཆེ་རིགས34དང་ཡན་ལག་རྣམ་གྲངས66ཡོད་ཅིང་། མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས17དང་དུས་འགོའི་ལས་འགོ་ཚུགས་པའི་རྣམ་གྲངས49ཡོད། བོད་ལྗོངས་ཀྱི་ཉི་ནུས་དང་ས་འོག་ཚ་ནུས་སོགས་ནུས་རྒྱུ་གསར་པ་བེད་སྤྱོད་ཤུགས་ཆེ་རུ་སོང་ཞིང་། མིག་སྔའི་བར་ལྗོངས་ཡོངས་སུ་གློག་དྲ་མཉམ་སྦྲེལ་གྱི་འོད་ཤུགས་གློག་ཁང44ཡོད་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི81.5ཟིན་པ། གློག་འདོན་ཚད་ཆན་ཝ་ཁྲི15ཟིན་པའི་གློག་དྲ་མཉམ་སྦྲེལ་གྱི་འོད་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་བཞིན་པ། ས་འོག་ཚ་ནུས་གློག་འདོན་རྣམ་གྲངས་འཛུགས་སྐྲུན་བདེ་བླག་བྱུང་ནས་ལོ་དེའི་ནང་གློག་གཏོང་རྩིས་ཡོད་པ་རེད། བོད་དབུས་དང་ཆབ་མདོའི་གློག་དྲ་མཉམ་བྲེལ་གྱི་ལས་གྲྭ་དང་། ལྷ་ཉིང་ལྕགས་ལམ་གྱི་གློག་འདོན་ལས་གྲྭ གྲོང་ཁྱེར་གྱི་གློག་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་ལས་གྲྭ གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་སོགས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ལས་དོན་ལ་མཐོང་ཆེན་གནང་སྟེ་རང་ལྗོངས་འདི་ཉིད“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་མཇུག་མཐུད་རྟེན་གཞི་ཞིག་ཏུ་རིམ་བཞིན་འཛུགས་སྐྲུན་བྱེད་དགོས་ཞེས་གསལ་སྟོན་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་རང་ལྗོངས་ཀྱི་ནུས་རྒྱུ་ལས་རིགས་ལ་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་བརྩོན་བྱས་ནས་འདི་ལོ་མ་དངུལ་སྒོར་དུང་ཕྱུར400གཏོང་རྒྱུའི་དམིགས་ཚད་ཧུར་བརྩོན་ཆེན་པོས་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།