“སྒུལ་ཤུགས་གཉིས”ལ་བརྟེན་ནས་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་བསྐྱོད་པ།

—— བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ།    

སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་དབྱང་གིས་རང་ལྗོངས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཚོད་འཛིན་བཟོས་པའི་འཇུར་མིག་ཧུར་ཐག་བསལ་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཏོན་པའི“རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་ཀྲུང་དབྱང་གི་སྲིད་ཇུས་ཡག་པོ་སྤྱད་དེ་རྒྱལ་ཁབ་ཀྱི་མ་འཇོག་དེ་བས་མང་བ་བརྩོན་ལེན་བྱེད་དགོས་ལ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་དང་སྲིད་ཇུས་ཀྱི་མ་འཇོག་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་ཁྲོད་ཀྱི་མ་འཇོག་ལ་ལྕག་སྐུལ་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འཕེལ་བ་བྱེད་པ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་ཁྱོན་ཆེ་རུ་གཏོང་བ་བཅས”ཀྱི་བླང་བྱ་ལྟར་ཐབས་མང་མཉམ་སྤྱོད་ཀྱིས་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕར་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད།

“ད་ཆ་རང་ལྗོངས་ཀྱི་གཞུང་ལམ་དང་ལྕགས་ལམ་སྣོལ་འདྲེས་ཐུབ་པ་དང་། གློག་ཆེན་གློག་དྲ་ལྷོ་བྱང་བར་ཁྱབ་པ། ཆུ་བེད་གློག་གཏོང་ས་ཚིགས་ཀྱི་སྒུལ་ཤུགས་ཆེན་པོ་ཡོད། རྣམ་གྲངས་དེ་དག་འཛུགས་སྐྲུན་དང་བེད་སྤྱོད་ཐུབ་པ་དེ་ནི་ཀྲུང་དབྱང་གིས་ཟམ་མི་ཆད་པར་མ་དངུལ་རོགས་སྐྱོར་གནང་བ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ལྔའི་རིང་རང་ལྗོངས་ཀྱི་འཛུགས་སྐྲུན་ཁག་ནང་རྒྱལ་ཁབ་ཀྱི་མ་འཇོག་བསྟུད་མར་འཕར་བའི་རྣམ་པ་མངོན་ཡོད”ཅེས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་མ་འཇོག་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཁའེ་ཤིན་གྱིས་བཤད་བྱུང་།

“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་679བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་2.6རེད། “ལོ་ལྔ་ཚན་བཅུ་གསུམ་པའི”འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་དམིགས་ཚད་གཞིར་བཟུང་། རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2388བརྩོན་ལེན་བྱ་རྒྱུ་ཡིན་པ་དེས་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཀྱི་23.88%བཟུང་ཡོད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) “2012ལོ་ནས་བཟུང་། རང་ལྗོངས་ཀྱི་སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་འཕར་ཚད་20%ཡན་རྒྱུན་འཁྱོངས་བྱུང་ཞིང་། དེའི་མ་འཇོག་གཞི་ཁྱོན་ཆེ་བ་དང་མ་འཇོག་ཁྱབ་ཁོངས་ཆེ་བ་དེ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་རང་ལྗོངས་ཀྱིས་ནུས་རྒྱུ་དང་འགྲིམ་འགྲུལ་སྐྱེལ་འདྲེན། འཕྲིན་གཏོང། ཆུ་བེད། གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གསབ་ཡོད”ཅེས་ལི་ཁའེ་ཤིན་གྱིས་ངོ་སྤྲོད་བྱས་བྱུང་།

རང་ལྗོངས་ཀྱིས་སྒོ་མོ་ཕྱེ་ནས་མ་དངུལ་གཏོང་མཁན་བསུ་བ་དང་། དམངས་ཁྲོད་ཀྱི་མ་འཇོག་ལ་ལྕག་སྐུལ་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། མ་འཇོག་ཁྱབ་ཁོངས་ཆེ་རུ་གཏོང་བ། ཆོག་འཐུས་ཚད་གཞི་དམའ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་རྩ་ཁེར་འཛིན་དང་། མ་རྐང་འཛིན་པ། མ་རྐང་ནང་ཞུགས་པ། དམིགས་སུ་གཉེར་སྐྱོང་ཆོག་པ་སོགས་ཀྱི་བྱེད་སྟངས་ལ་བསྔགས་སྐུལ་བཅས་བྱས་ཏེ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ཁྱབ་ཁོངས་མང་པོར་ཞུགས་པ་དང་དམངས་ཁྲོད་ཀྱི་མ་དངུལ་དེ་བས་མང་བ་བཀུག་ནས་སླར་ཡང་བྱ་གཞག་གསར་པ་བཏོད་ཡོད།

རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་ཆོད་ཡག་པོ་བྱེད་པར་རང་ལྗོངས་ཀྱིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་སྤྱི་ཚོགས་དམངས་ཁྲོད་ཀྱི་མ་དངུལ་མཉམ་ལས་མཉམ་འགུལ་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྲིད་གཞུང་གི་མ་དངུལ་འགྲོ་ཆུང་ལ་དོན་གོ་ཆོད་པའི་ནུས་པ་བཏོན་ཡོད། ཁྱད་འཕགས་ཀྱི་ཐོན་ཁུངས་དང་ཕན་བདེའི་སྲིད་ཇུས་ལ་གཞི་ཚུགས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་མ་འཇོག་སྟོབས་ཤུགས་སུ་གྱུར་པར་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མ་འཇོག་ལས་གཏོད་ཀྱི་ཞིང་ཁམས་སུ་འགྱུར་བཞིན་ཡོད།

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁང་དམར་སྨན་ལུམས་ཆུ་ཚན་སྤྲོ་གསེང་གླིང་ནི་བོད་ཀྱི་ཆུ་ཚན་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་ལ་གཞི་ཚུགས་པའི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཤིག་རེད། རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1.2བཏང་བའི་ནང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་6000བཏང་བ་དང་འདམ་གཞུང་བྱང་ཐང་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མ་དངུལ་བསྡུ་སྒྲིལ་སྒོར་ཁྲི་6000བྱས་ཡོད། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་ཕྱོགས་བསྡུས་ཤུགས་བཏོན་ཏེ་མང་ཚོགས་དབུལ་པོའི་དུད་ཚང་286ཐོན་ལས་ལ་ཞུགས་པ་དང་འབྲེལ་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

འདམ་གཞུང་བྱང་ཐང་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བུ་ཆུང་གིས“ཁང་དམར་སྨན་ལུམས་ཆུ་ཚན་སྤྲོ་གསེང་གླིང་རྣམ་གྲངས་ལ་སྲིད་གཞུང་གི་མ་འཇོག་དང་ཁྲོམ་ར་ཅན་གྱི་འཁོར་རྒྱུག་བྱེད་སྟངས་སྤྱད་ཡོད། སྲིད་གཞུང་གི་མ་དངུལ་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཡོད་སྟབས་ང་ཚོའི་ཁེ་ལས་ལ་ཐོན་ལས་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་ཆེ་རུ་སོང་ནས་ས་གནས་དེ་གའི་དུད་ཚང་དབུལ་པོར་རྣམ་གྲངས་ལས་ཐོབ་པའི་ཕན་བདེ་ལོངས་སྤྱོད་ཐུབ་ཡོད”ཅེས་བཤད་བྱུང་།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ”དང་། “རིམ་པ་མང་བའི་མ་རྩའི་ཁྲོམ་ར་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བར་མ་འཇོག་ཀྱི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ”བཅས་བྱེད་དགོས་པ་བཏོན་ཡོད། ལི་ཁའེ་ཤིན་གྱིས་གོམ་སྟབས་རྗེས་མའི་ལས་དོན་ཐད་ཀྲུང་དབྱང་གི་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་ཏེ་རང་འགུལ་ངང་ཀྲུང་དབྱང་པུའུ་ཨུད་ཀྱི་སྙན་སེང་དང་སྦྲེལ་མཐུད་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་གང་མགྱོགས་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་པ། དམངས་ཁྲོད་ཀྱིས་མ་རྩ་འཇོག་པར་ཧུར་ཐག་ཞུགས་རྒྱུའི་བསྔགས་སྐུལ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཚོགས་ཆེན་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ་དང་རྣམ་གྲངས་ཁག་གཅིག་གང་མགྱོགས་འདོན་དགོས། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་གི་སྒུལ་ཤུགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་དགོས་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།