འདམ་གཞུང་གི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5ཚེས20ཉིན་འགོ་ཚུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་སྐབས་གསུམ་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད།

ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཆར་འགོད་ཐོག་མར་ལེགས་སྒྲུབ་ཟིན་པའི་རྫོང་ཞིག་ཡིན་པའི་ངོས་ནས། འདམ་གཞུང་རྫོང་གིས་ལྷ་ས་གྲོང་ཁྱེར་གྱི“ས་ཁོངས་ཧྲིལ་པོའི”ཡུལ་སྐོར་འཐབ་ཇུས་ཀྱི་འཕེལ་རྒྱས་འཆར་འགོད་གཞི་རྟེན་དུ་བྱེད་པ་དང་། སྐབས་གསུམ་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གཙོ་བོར་བརྩིས་ནས། ལྷ་ས་དང་ཐག་ཉེ་ཤོས་ཀྱི་སྐྱས་སྤོའི་འཚོ་བའི་ཉམས་ལེན་ཁུལ་གྱི་སྐད་གྲགས་ཆེ་བའི་ཡུལ་སྐོར་སྤུས་རྟགས་བཏོད་པ་རེད།

སྐབས་འདིའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“མུའུ་ལན་གངས་རིར་བརྩེ་བས་མྱོས། དབྱར་རྩྭ་དགུན་འབུ་འཚོལ་གྱིན་ཡུལ་སྐོར་བྱེད”ཅེས་པ་དེ་ཡིན་པ་དང་། 2018ལོའི་ཟླ5ཚེས20ཉིན་འདམ་གཞུང་རྫོང་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོའི་མུའུ་ལན་གངས་རིའི་གཤམ་དུ་སྤེལ་རྒྱུ་རེད། བྱེད་སྒོའི་དུས་ཚོད་ནི་ཟླ5ཚེས20ནས་ཟླ6ཚེས10ཉིན་བར་ཡིན་པ་དང་། ད་ཐེངས་ཀྱི་བྱེད་སྒོ་ནི་འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་འདམ་གཞུང་རྫོང་བྱང་ཐང་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་འདམ་གཞུང་རྫོང་གི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“ཕྱུགས་འཚོའི་སེམས་པ་ལྡན་ན་ཕྱུགས་འཚོའི་ལམ་བུ་གཏོད་ཐུབ”ཅེས་པའི་འདུ་ཤེས་ཀྱི་ཐོག་ནས་རི་ཆུའི་མཛེས་ལྗོངས་ཡུལ་སྐོར་དང་། ལོ་རྒྱུས་རིག་གནས་ཡུལ་སྐོར། དམངས་སྲོལ་ཆོས་ལུགས་ཡུལ་སྐོར། ཆུ་ཚན་སྤྲོ་གསེང་ཡུལ་སྐོར། ལུས་གསོའི་བདེ་ཐང་ཡུལ་སྐོར་སོགས་བྱེད་སྒོ་རབ་དང་རིམ་པ་འཆར་འགོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།