བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཝུའུ་ཧན་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་བྱ་རྒྱུ་རེད།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ5ཚེས18ཉིན་བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཝུའུ་ཧན་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་བྱེད་རྩིས་ཡོད་པ་དང་། སྐབས་དེ་དུས་ཕྱོགས་རྐྱང་པ་ནས་འཕུར་བར་ཆུ་ཚོད3.5ལས་མི་འགོར་བ་དང་། ཉིན་ལྟར་དུས་གཏན་གནམ་གྲུ་ཐེངས་གཅིག་གཏོང་རྒྱུ་རེད།

བོད་ལྗོངས་མཁའ་འགྲུལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ཁ་གཏད་བོད་སྐྱོར་གྲོང་ཁྱེར་ཡིན་པའི་ཝུའུ་ཧན་དུ་ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། ཡུལ་སྐོར་བཅས་ཀྱི་སྤེལ་རེས་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད། སྔོན་ཆད་ཝུའུ་ཧན་ནས་ལྷ་ས་བར་འགྲོ་འོང་བྱེད་པར་བར་བརྒྱུད་དམ་ཡང་ན་ལམ་བར་དུ་གནམ་གྲུ་གཞན་བརྗེ་དགོས་པ་དང་། ཕྱོགས་རྐྱང་པ་ནས་འཕུར་བར་ཉུང་མཐར་ཡང་ཆུ་ཚོད7ཙམ་འགོར་གྱི་ཡོད། བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་ཝུའུ་ཧན་བར་གྱི་ཐད་འཕུར་མཁའ་ལམ་ཤར་གཏོང་ཐུབ་ཚེ་ལམ་བར་གྱི་དུས་ཚོད་ཧ་ཅང་ཐུང་དུ་འགྲོ་རྒྱུ་ཡིན་པས། ཀྲུང་ཧྭའི་དབུས་རྒྱུད་ས་ཁུལ་གྱི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་རྒྱུའི་ཡིད་དབང་འགུག་ཐུབ་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།