བོད་ལྗོངས་ཀྱི་དགེ་འདུན་པ10ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས7ཉིན་གྱི་སྔ་དྲོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ2017ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་དགེ་བཤེས་ལྷ་རམས་པའི་མཚན་གནས་དམ་འཇོག་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། སེ་ར་དགོན་དང་བཀྲས་ལྷུན་དགོན་སོགས་དགོན་སྡེའི་དགེ་འདུན་པ10དམ་བཅའ་འཇོག་པ་དང་རྟགས་གསལ་གཏོང་བའི་མཛད་སྒོར་ཞུགས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། སྐལ་བཟང་ཚེ་རིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བསོད་ནམས་རིག་འཛིན་བཅས་མཛད་སྒོར་ཞུགས་ཡོད་པ་རེད།

མཛད་སྒོ་དེ་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་དགེ་བཤེས་ལྷ་རམས་པའི་མཚན་གནས་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་བ་དང་། དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད་འབྲས་སྤུངས་དགོན་གྱི་དགེ་འདུན་པ་རྒྱལ་མཚན་གནམ་གྲོལ་གྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས2017ལོའི་ལོ་འཁོར་གྱི་དགེ་བཤེས་ལྷ་རམས་པའི་ཨང་དང་པོ་བླངས་པ་དང་། སེ་ར་དགོན་གྱི་ཐུབ་བསྟན་ཆོས་འཛིན་ལ་ཨང་གཉིས་པ་ཐོབ་པ། བཀྲས་ལྷུན་དགོན་གྱི་བློ་བཟང་རྒྱལ་མཚན་ལ་ཨང་གསུམ་པ་ཐོབ་པ། དཔའ་ཤོད་དགོན་གྱི་བྱམས་པ་ངག་དབང་ལ་ཨང་བཞི་པ་ཐོབ་པ། བྱང་སྟོད་དགོན་གྱི་ཡེ་ཤེས་དོན་གྲུབ་དང་། རབ་བརྟན་དགོན་གྱི་བསྟན་འཛིན་བུ་བཟང་། ར་སྟོད་དགོན་གྱི་ཆོས་འཕེལ་མཐར་ཕྱིན། དགའ་ལྡན་དགོན་གྱི་བློ་བཟང་རྒྱལ་མཚན། དབྱེན་ཟླུམ་དགོན་གྱི་འཇམ་དབྱངས་ཐུབ་བསྟན། ཆུང་ཁོ་དགོན་གྱི་ངག་དབང་ཡོན་ཏན་བཅས་ལ་ཨང་ལྔ་པ་ནས་བཅུ་པ་བར་ཐོབ་ཡོད་པ་རེད།

སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས2017ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཀྱི་དབྱར་དུས་རྒྱུགས་ལེན་དེ2016ལོའི་ཟླ8པཔའི་ཚེས12ཉིན་ནས་ཚེས18ཉིན་བར་དགའ་ལྡན་དགོན་དུ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།