“ལྷ་སའི་ས་གཙང”གི་ཚོང་རྟགས17ལ་ཐོ་འགོད་ལག་ཁྱེར་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིར་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཚོང་རྟགས་ཅུས་ཀྱིས་ཞིབ་དཔྱད་བྱས་ནས་སྤྲད་པའི་མཇུག་མཐའི“ལྷ་སའི་ས་གཙང”གི《ཚོང་རྟགས་ཐོ་འགོད་ལག་ཁྱེར》བདེ་བླག་ངང་ཐོབ་ཅིང་། “ལྷ་སའི་ས་གཙང”གི་མཚོན་རྟགས17ཚང་མར《ཚོང་རྟགས་ཐོ་འགོད་ལག་ཁྱེར》ཐོབ་པ་དེ་དག་སྨན་རྫས་དང་། རྒྱན་ཆ། བཟའ་བཏུང་སོགས་ལྷ་སའི་ས་གཙང་བདེ་ཐང་གི་གཙོ་ཁྲིད་ཐོན་ལས་ཆེན་པོ་དགུ་ཚང་མར་ཁྱབ་པ་དེས་ས་གཙང་བདེ་ཐང་ཐོན་ལས་གཞི་ཁྱོན་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད།

ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཐོ་འགོད་གནད་འཁེལ་དང་མགྱོགས་མྱུར་ཡོང་བ་དང“ལྷ་སའི་ས་གཙང”གི་ཚོང་རྟགས་བེད་སྤྱོད་མགྱོགས་མྱུར་ཐུབ་པར་བྱ་ཆེད། 2016ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཉིད་ས་གཙང་ཐོན་ལས་ཁེ་ལས་ལ་དངོས་སུ་བསྐྱོད་དེ་གནད་དོན་ལ་བརྟག་ཞིབ་དང་འབྲེལ་ཐོ་འགོད་དཔྱད་གཞིར་བཟོ་བཅོས་བརྒྱབ་ནས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ལ《“ལྷ་སའི་ས་གཙང”གི་ཚོང་རྟགས་ཐོ་འགོད་སྐོར་གྱི་གསལ་བཤད》དང《“ལྷ་སའི་ས་གཙང”གི་ཚོང་རྟགས་ཐོ་འགོད་རིགས་དབྱེའི་སྐོར་གྱི་དབྱེ་ཞིབ》ཕྱོགས་སྒྲིག་བྱས་ནས་གོང་འབུལ་ཞུས་པ་མ་ཟད་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཚོང་རྟགས་ཅུས་ལ《“ལྷ་སའི་ས་གཙང”གི་ཚོང་རྟགས་ཐོ་འགོད་རོགས་རམ་ཞུ་རྒྱུའི་སྐོར་གྱི་ཡི་གེ་དང་དགོངས་སྐོར》གོང་འབུལ་ཡང་ཞུས་པ་རེད། 2016ལོའི་ཟླ7པ་ནས་ཟླ8པའི་བར། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཚོང་རྟགས་ཅུས་ཀྱིས“ལྷ་སའི་ས་གཙང”ཐོན་ལས་ཀྱིས་འདུན་ཞུ་བྱས་པའི་ཚོང་རྟགས17ལ་ཐོག་མའི་ཞིབ་བཤེར་གྱི་སྤྱི་བསྒྲགས་ཐེངས4སྤེལ་བ་དང་། 2016ལོའི་ཟླ11པ་ནས2017ལོའི་ཟླ1པོའི་ཚེས22ཉིན་བར། ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིར་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཚོང་རྟགས་ཅུས་ཀྱིས་ཞིབ་དཔྱད་བྱས་ནས་སྤྲད་པའི《ཚོང་རྟགས་ཐོ་འགོད་ལག་ཁྱེར》སྔ་རྗེས་སུ་འབྱོར་བ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།