ཧུའུ་ཁྲུན་ཧྭ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ།

res01_attpic_brief.jpg

འདི་ནི་ཧུའུ་ཁྲུན་ཧྭ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ལྷན་དུ་ལས་དོན་ཐད་བཞུགས་མོལ་གནང་བའི་གནས་ཚུལ་ཡིན་པ།

res04_attpic_brief.jpg

འདི་ནི་ཧུའུ་ཁྲུན་ཧྭ་ཡིས་ཀོང་ཏུང་གི་རོགས་སྐྲུན་རྣམ་གྲངས་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་འཆར་འགོད་དང་དུས་འགོའི་ལས་དོན་སྒྲུབ་ཚུལ་ལ་རྟོག་ཞིབ་གནང་བའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀོང་ཏུང་གི་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་ཚེས3ནས7ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲུན་ཧྭ་ཆབ་མདོ་གྲོང་ཁྱེར་དུ་ཆབ་མདོར་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཧུའུ་ཁྲུན་ཧྭ་རྣམ་གཉིས་ཀྱིས་ལས་དོན་ཐད་བཞུགས་མོལ་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

ཧུའུ་ཁྲུན་ཧྭ་ཡིས་ཀོང་ཏུང་གི་རོགས་སྐྲུན་རྣམ་གྲངས་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་ཡུལ་གཞན་གྱི་དབུལ་སྐྱོར་གནས་སྤོ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭ གྲོང་ཁྱེར་མི་དམངས་སྨན་ཁང་ཀོང་ཏུང་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་བཅོས་སྨན་ཁང་འཆར་འགོད་དང་དུས་འགོའི་ལས་དོན་སྒྲུབ་ཚུལ་བཅས་ལ་རྟོག་ཞིབ་གནང་བ་མ་ཟད། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་དང་གྲོང་ཁུལ་རྙིང་པའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་རྔད་ལ་གྲོང་ཚོ་དང་རྔད་ལ་གྲོང་ཚོའི་ཡུལ་གཞན་གྱི་དབུལ་སྐྱོར་གནས་སྤོ་བྱ་ཚུལ་དང་དེ་བཞིན་སྐམ་ཐོག་གྲོང་ཚོའི་གསར་བརྗེའི་ཡུལ་སྐོར་གསར་སྤེལ་སོགས་ལས་ཡུལ་དངོས་སུ་མཁྱེན་རྟོགས་གནང་བ་དང་ཆབས་ཅིག་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲིའང་གནང་བ་རེད།

བོད་དུ་བཞུགས་རིང་ཁྲེན་ཆོན་གོ་དང་ཧུའུ་ཁྲུན་ཧྭ་དང་བཅས་པས་ལས་དོན་ཐད་བཞུགས་མོལ་གནང་བ་དང་འབྲེལ་ཀོང་ཏུང་གིས་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་བཞུགས་མོལ་ཚོགས་འདུ་དེ་ཆབ་མདོར་འཚོགས་པ་རེད། ཧུའུ་ཁྲུན་ཧྭ་ཡིས་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཀོང་ཏུང་ཞིང་ཆེན་ལ་ཡིད་ཆེས་ཆེན་པོ་དང་ལས་འགན་ལྕི་པོ་གནང་བ་ཞིག་ཡིན་པས་དེ་ནི་གཟི་བརྗིད་ཀྱི་ལས་འགན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམིགས་ཏེ་ཆབ་མདོར་རོགས་སྐྱོར་བྱེད་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཀྲུང་དབྱང་གིས་ཀོང་ཏུང་ལ་སྤྲད་གནང་བའི་ཁ་གཏད་རོགས་སྐྱོར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

ཧུའུ་ཁྲུན་ཧྭ་ཡིས་རོགས་སྐྱོར་མ་དངུལ་དམིགས་སར་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱས་ནས་རོགས་སྐྱོར་མ་དངུལ་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་བཅུག་ནས་འགན་ལེན་བྱེད་པ་དང་། དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་རྒྱུའི་འགན་ལེན་བྱས་ཏེ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མ་དངུལ་བེད་སྤྱོད་ཡག་པོ་དང་དོ་དམ་ཡག་པོ་བྱས་ནས་ཕན་འབྲས་ཆེ་ཤོས་ཐོན་ཐུབ་པ་བྱེད་དགོས་པ་དང་།ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭ་དང་གྲོང་ཁྱེར་མི་དམངས་སྨན་ཁང་ཀོང་ཏུང་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་བཅོས་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་རོགས་སྐྲུན་མ་དངུལ་གྲབས་གསོག་དང་གཏོང་སྤྲོད་ལས་དོན་ཡག་པོ་སྒྲུབ་དགོས་པ། དཔལ་འབྱོར་ཉོ་ཚོང་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ། ཆབ་མདོའི་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རོགས་དང་ཚོང་དོན་ཟོག་འགྲེམས་དང་། སྤུས་ལེགས་ཀྱི་ས་མཐོའི་ཞིང་ཞོར་ཐོན་རྫས། སྨན་རྫས། ཡུལ་སྐོར་སོགས་ཐོན་ལས་ཐད་མཉམ་ལས་གོང་འཕེལ་བཏང་ནས་ཆབ་མདོ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཏན་ཏིག་ངང་ཆེ་རུ་གཏོང་དགོས་པ། ས་གནས་གཉིས་པོས་མཉམ་ལས་ཀྱི་ལམ་སྲོལ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཏེ་ཆབ་མདོར་རོགས་སྐྱོར་བྱེད་པའི་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕུགས་ལ་དམིགས་པ་དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་ས་གནས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཧུའུ་ཁྲུན་ཧྭ་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་དུས་མཚུངས། ཀོང་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་དང་འཇུངས་པ་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ཀོང་ཏུང་ཞིང་ཆེན་གྱིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་སྒྲུབ་ཤུགས་ཆེ་བ་དང་ཕན་འབྲས་ཡག་པོ་ཐོན་ཏེ། བོད་དང་ལྷག་པར་དུ་ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་བཅས་ཀྱི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ང་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀོང་ཏུང་ཞིང་ཆེན་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོར་བརྟེན་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ཏེ་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀོང་ཏུང་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་དགོས་ཞེས་གསུངས།

བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བོད་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་དང་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་འཕྲད་པའི་དུས་སྐབས་ཤིག་རེད། ཀོང་ཏུང་གིས་སྔར་བཞིན་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཉིང་ཁྲི་དང་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ཀོང་ཏུང་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་ལ་དམ་འཛིན་བྱས་ནས་ཀོང་ཏུང་གི་ཐོན་ལས་མཉམ་ལས་དང་། ལྷག་པར་དུ་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ལེགས་ལྡན་ཐོན་ལས་གོང་འཕེལ་ཆེན་པོ་ཡོང་བ་བྱེད་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀོང་ཏུང་ཞིང་ཆེན་སོགས་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཆེན་པོ་ཡོད་སྟབས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་ཀྱིས་བོད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ངེས་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱུས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།