བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར9བཏང་སྟེ་གཞུང་ལམ་གསར་སྐྲུན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ལམ214དང་། རྒྱལ་ལམ317ཆབ་མདོ་གྲོང་རྡལ་གྱི་མཚམས་བརྒལ་གཞུང་ལམ་གསར་དུ་བསྒྱུར་བཀོད་བྱེད་པའི་ལས་གཞི་ཡོངས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས།

རྒྱུས་ལོན་ལྟར་ན། ལས་གཞི་འདིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར8.96བཏང་ཡོད་ཅིང་། སྤྱིའི་ལམ་ཐག་སྤྱི་ལེ11.3ཡོད། ལས་གཞི་དེ་དུས་ཡུན་ལོ་གསུམ་ལ་ལས་རྒྱུ་དང་། གཙོ་བོ་ཕུག་ལམ་གཉིས་དང་། ཟམ་པ་གཉིས། ཟུར་ལམ་གསུམ་བཅས་ཀྱིས་གྲུབ། མིག་སྔར་ལས་གཞི་འདིར་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྔ་འདོན་བྱས་ཏེ་ནུབ་ཟམ་ཆེན་མོ་ནས་ནགས་ཚལ་སྤྱི་གླིང་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.52བཏང་ཡོད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་བསྟུན་ནས། ཁ་རུབ་ཆུས་སུ་འཁོར་རྒྱུག་མི་སྣ་དང་རླངས་འཁོར་རིམ་བཞིན་ཇེ་མང་དུ་གྱུར་བས། རྒྱལ་ལམ214དང་། རྒྱལ་ལམ317ཆབ་མདོ་གྲོང་ཁྱེར་གྱི་འདྲེས་མཚམས་སུ་རླངས་འཁོར་འགོག་པའི་གནས་ཚུལ་ཉིན་རེ་བཞིན་ཚབས་ཆེན་ཡིན་ཏེ། རླངས་འཁོར་དང་བགྲོད་མིའི་བདེ་འཇགས་དང་། གྲོང་ཁྱེར་གྱི་གཙང་སྦྲ་བཅས་ལ་ཤུགས་རྐྱེན་ཆེན་པོ་བཟོས། བརྒལ་མཚམས་གཞུང་ལམ་དང་གྲོང་ཁྱེར་གཞུང་ལམ་གྱི་ཆ་རྐྱེན་ལེགས་བཅོས་བཏང་སྟེ། གྲོང་ཁུལ་གྱི་འགྲིམ་འགྲུལ་འགོག་པའི་གནས་ཚུལ་དང་རྒྱལ་ལམ་མཚམས་བརྒལ་གནོན་ཤུགས་ཇེ་ཡང་སུ་གཏོང་བ་དང་། གྲོང་ཁྱེར་གྱི་དཔལ་ཡོན་དང་གཙང་དག་རྣམ་པ་སྔར་ལས་མཐོར་འདེགས་སུ་བཏང་ནས། ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་འཆར་འགོད་དམིགས་འབེན་མངོན་འགྱུར་བྱ་ཆེད། ཆབ་མདོ་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ལམ214དང་། རྒྱལ་ལམ317ཆབ་མདོ་གྲོང་རྡལ་གྱི་བརྒལ་མཚམས་གཞུང་ལམ་གསར་དུ་བསྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པའི་ལག་གཞི་ལག་བསྟར་བྱས།

ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པས་བཤད་རྒྱུར། ལས་གཞི་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་བཅོས་དང་། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱ་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་དང་ཁ་རུབ་ཆུས་མི་དམངས་སྲིད་གཞུང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོས་ས་བསྡུ་བཤིག་སྤོའི་མཐུན་སྦྱོར་ཚན་ཁག་བཙུགས་ཏེ། ལས་གཞི་འཛུགས་སྐྲུན་གྱི་ས་བསྡུ་བཤིག་སྤོ་དང་ལས་གཞི་ལག་བསྟར་ཁོར་ཡུག་གི་དུས་རིམ་སྔ་མོའི་ལས་དོན་སོ་སོ་ནན་ཏན་ངང་སྒྲུབ་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།