བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ལ་ཚད་རིམ5.5ཡི་ས་འགུལ་བྱུང་།

b8e8561eb7aa189d8a941b.jpg

CqgNOlczu1eAX9C9AAAAAAAAAAA197.900x604.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཟླ5པའི་ཚེས11ཉིན་གྱི་སྔ་དྲོའི་དུས་ཚོད09དང་སྐར་མ15སྟེང་།  བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གྭ་ཐ་ཤང་ལ་ཚད་རིམ5.5ས་འགུལ་བྱུང་ལ། ཡོམ་གནས་ཀྱི་གཏིང་ཚད་ལ་སྟོང་སྨི7ཡོད། སྟེང་ཆེན་རྫོང་གྭ་ཐ་དང་། གྭ་ངད། ཁྲི་རྡོ། སྤ་ཟླ་སོགས་ཤང་གྲོང་གི་གཡོ་འགུལ་གྱི་ཚད་དྲག་པོ་ཡིན་པ་དང་། དཔལ་འབར་དང་། རི་བོ་ཆེ་སོགས་ཀྱི་རྫོང་ལའང་གཡོ་འགུལ་བྱུང་། ཐོག་མའི་རྩད་ཞིབ་བྱས་པ་ལྟར་ན། ཁང་བ་དང་།  ཟམ་པ། གཞུང་ལམ་འགའ་ཤས་ལ་གཏོར་བརླག་ཐེབས་ཡོད་ལ། གྭ་ཐ་ཤང་གི་མི60ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ཁྲོད་མི6རྨས་ཚུལ་ཅུང་ཚབས་ཆེན་ཡིན་ལ།  རྨས་མ་དག་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད། 

ས་འགུལ་བྱུང་རྗེས། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་གཙིགས་ཆེན་བྱེད་བཞིན་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་ཁྲེན་ཆོན་ཀུའོ་དང་།རང་སྐྱོང་ལྗོངས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཉིས་ཀྱིས་ས་འགུལ་བྱུང་མ་ཐག་བཀོད་སྒྲིག་ལེགས་པོ་གནང་ཞིང་།  མྱུར་དུ་འགུལ་སྐྱོད་བྱས་ནས་ནུས་ཤུགས་ཡོད་རྒུས་ས་འགུལ་གྱི་གནོད་སྐྱོན་སེལ་བའི་བྱ་བར་རྩ་འཛུགས་བྱེད་པ་དང་། མི་སྐྱོབ་པ་བྱ་བ་ཡོད་ཚད་ཀྱི་གཙོ་གནད་དུ་བཞག་ནས་ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་སྐྱོབ་པ། ཉེན་ཁ་ཆེ་བའི་ས་གནས་ཀྱི་མང་ཚོགས་སྤོ་སྣུར་བྱས་ཏེ་ཉེན་ཁ་ལ་གཡོལ་བའི་བྱ་བར་མྱུར་དུ་རྩ་འཛུགས་བྱེད་པ་དང་།  འཕྲོ་ལུས་ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་བྱ་བར་ཤུགས་བསྣན་ནས། འཕྲོ་ལུས་ས་ཡོམ་དང་བསྐྱར་བྱུང་གནོད་སྐྱོན་གྱིས་མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་བྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ།  གནོད་སྐྱོན་ཐེབས་པའི་མང་ཚོགས་རྣམས་བཀོད་སྒྲིག་འོས་འཚམ་ཞིག་བྱེད་པ། གཏོར་བཤིག་ཐེབས་པའི་གཞི་རྩའི་སྒྲིག་བཀོད་མགྱོགས་མྱུར་ངང་ཞིག་གསོ་བྱས་ཏེ་གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  ཆབ་མདོ་གྲོང་ཁྱེར་གྱིས་མགྱོགས་མྱུར་སྒོསⅣརིམ་པ་ཅན་གྱི་མཁོ་བསྟུན་ཇུས་གཞི་སྤྱད་པ་དང་། འབྲེལ་ཡོད་འགོ་ཁྲིད་ཀྱིས་ས་འགུལ་དང་།དམངས་སྲིད། འཕྲོད་བསྟེན། འགྲིམ་འགྲུལ།  འཕྲིན་གཏོང་སོགས་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དེ་ས་འགུལ་བྱུང་ས་རུ་སོང་སྟེ་ས་འགུལ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ས་འགུལ་གྱི་གནོད་སྐྱོན་སེལ་བར་རྩ་འཛུགས་བྱས། སྟེང་ཆེན་རྫོང་གིས་མྱུར་དུ་ནུས་ཤུགས་སྒྲིག་འཛུགས་བྱས་ནས་ས་འགུལ་གྱི་གནོད་སྐྱོན་སེལ་བའི་བྱ་བའི་ནང་ཞུགས།

རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་བྱས་པ་ལྟར་ན། མིག་སྔར། ཆབ་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོས་བཀོད་འདོམས་པའི་འགན་འཁུར་བའི་ས་འགུལ་གྱི་གནོད་སེལ་བཀོད་འདོམས་པུའུ་བཙུགས་ཞིང་། སྟེང་ཆེན་རྫོང་གྭ་ཐ་ཤང་སོགས་ས་འགུལ་བྱུང་སའི་མང་ཚོགས་རྣམས་གཞི་སྡོད་བྱས་ཡོད་པའི་ཁང་བ་ལས་ཕྱིར་འཐེན་བྱས་ནས་བདེ་འཇགས་ཀྱི་ས་གནས་སུ་སྤོར་བ་དང་། རྨས་སྐྱོན་ཕོག་པའི་མང་ཚོགས་རྣམས་བདེ་འཇགས་སྒོས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད།  གཏོར་བཤིག་ཐེབས་པའི་ས་གནས་ཁ་ཤས་ཀྱི་གཞུང་ལམ་དང་ཟམ་པ། ཆུ་རྐ་སོགས་གཞི་རྩའི་སྒྲིག་བཀོད་དག་འབྲེལ་ཡོད་ནུས་ཤུགས་རྩ་འཛུགས་བྱས་ནས་ཞིག་གསོ་བྱེད་བཞིན་ཡོད་པ་དང་བདེ་འཇགས་ལ་ཁག་ཐེག་བྱས་ཡོད།   འབྲེལ་ཡོད་སྡེ་ཁག་གིས་རས་གུར་དང་། གྱོན་ཆས། བཟའ་བཏུང་། སྨན་རྫས་སོགས་འབྲེལ་ཡོད་དངོས་ཟོག་གྲ་སྒྲིག་བྱས་ཏེ། གནོད་སྐྱོན་གྱི་དགོས་མཁོ་དང་བསྟུན་ནས་མགྱོགས་མྱུར་ངང་གནོད་ཐེབས་ས་ཁུལ་ཏུ་སྐྱེལ་རྒྱུ་རེད། མིག་སྔར།  ས་འགུལ་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་སེམས་ཁམས་བརྟན་ལྷིང་ཡིན་པ་དང་། སྤྱི་ཚོགས་ཞོད་འཇགས་སུ་གནས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།