ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས22ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཞིག་རྩོམ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་གནང་བ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་རྗེས་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་བསྡུ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་བཅས་ཀྱི་མཚམས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་།

 གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དེས་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཟབ་ཏུ་བཏང་སྟེ“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་ཞིག་སྤོ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེའི་ནང་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་མཐའ་གཅོད་ཐད་ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་རྒྱས་བཤད་ལུགས་དང་མཐུན་པ། ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་དམིགས་ཚད་གསལ་པོ་གསུངས་པ། དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་དང་བྱ་ཐབས་ཐད་ཚན་རིག་དང་མཐུན་པའི་བཀོད་སྒྲིག་གནང་བ། སྒྱུར་བཅོས་ཟབ་གཏོང་གི་ཁྱབ་ཁོངས་གཙོ་བོ་བཀོད་སྒྲིག་ལེགས་པར་གནང་བ། དཔལ་འབྱོར་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་རྩ་དོན་གལ་ཆེན་ཐད་རྒྱས་བཤད་གནད་འཁེལ་བཅས་གནང་བས་དཔལ་འབྱོར་རྒྱུན་བསྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་གཞི་རྩའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་ཙུང་ལི་ལི་ཁེ་ཆང་གི་བཀོད་སྒྲིག་ལ་གཞིགས་ནས་འདི་ལོའི་དཔལ་འབྱོར་ལས་དོན་ཕྱོགས་སྡོམ་ནན་ཏན་དང་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་ཇུས་འགོད་དང་སྐུལ་མ་ཡག་པོ་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ད་ཐེངས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུར་གཙོ་གནད་བཀོད་སྒྲིག་བྱས་པས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལྟར་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམས་པར་བྱས་ཐོག་རྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་མཐའ་འཁྱོངས་བྱས་ཏེ་སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་འཕྱུགས་མེད། བྱེ་བྲག་སྲིད་ཇུས་སྟབས་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྤྱི་ཡོངས་བསམ་ཕྱོགས་ལག་ལེན་བསྟར་ནས་དཔལ་འབྱོར་འཁོར་སྐྱོད་དེ་འཚམས་མཐུན་བར་མཐོངས་སུ་གནས་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་ཇུས་ཐད་རྒྱུན་བསྲིང་དམག་འཐབ་བྱེད་པ་དང་། འཐབ་རྩལ་ཐད་ཚར་གཅོད་དམག་འཐབ་ལེགས་པར་རྒྱག་པ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་རྒྱུན་བསྲིང་འཕར་སྣོན་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆུ་ཚད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་མ་བཏང་སྟེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཧུར་ཐག་ཚུགས་ཐུབ་པ་བྱེད་དགོས།

གཅིག་ནས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་སློབ་སྦྱོང་བྱས་ཏེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་བ་དང་། རིམ་ཁག་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་རྣམ་པ་གསར་པ་གཏོད་པ་དང་མཉམ་ཤུགས་འགག་སྒྲོལ་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྲིད་ཇུས་དོན་འཁྱོལ་དང་། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། སྒྱུར་བཅོས་སྒོ་དབྱེ། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བ་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་དགོས།

གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་དགོས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཆེད་དོན་འཆར་འགོད་ལེགས་པར་བཟོས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

གསུམ་ནས་བསམ་ཕྱོགས་ཀྱི་དམིགས་ཚད་ཇུས་འགོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བླང་བྱ་གཞིར་བཟུང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་དམ་པོར་དམིགས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི“ལྔ་འཕེལ་རྒྱས་གཏོང་བའི་འདུ་ཤེས”མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་ཕྱི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་དང་སྤྱིའི་དམིགས་ཚད་ཇུས་འགོད་ཡག་པོ་བྱེད་དགོས།

བཞི་ནས་ལེགས་ཆ་དྲུག་ཡག་པོ་སྤྱོད་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གྱི་ལེགས་ཆ་ཡག་པོ་སྤྱོད་པ་དང་། ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་སྤྱོད་ཤུགས་ཆེ་རུ་གཏོང་བའི་ལེགས་ཆ་ཡག་པོ་སྤྱོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་ལེགས་ཆ་ཡག་པོ་སྤྱོད་པ། རང་ལྗོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་བྱེད་པའི་ལེགས་ཆ་ཡག་པོ་སྤྱོད་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་བསྲིང་བརྟན་ལྷིང་གི་ལེགས་ཆ་ཡག་པོ་སྤྱོད་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་སྤྱོད་ཚུལ་འགྱུར་ལྡོག་དང་སྒུལ་ཤུགས་འཕེལ་བར་བྱེད་པའི་ལེགས་ཆ་ཡག་པོ་སྤྱོད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས།

ལྔ་ནས་དམིགས་ཚད་ཆེན་པོ་བཞི་མངོན་འགྱུར་བྱེད་དགོས་པ་སྟེ། གཅིག་ནི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པ་དང་འཚམ་པར་བྱེད་པ། རྒྱུན་རྣམ་གསར་པ་སྣེ་ཁྲིད་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་དཔལ་འབྱོར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས་པ་དང་། གཉིས་ནི་སྤྱི་ཚོགས་ཁྱོན་ཡོངས་བརྟན་པོ་ཡོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་བྱས་ནས་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱས་ཏེ་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་མུ་མཐུད་ཟབ་ཏུ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་པ། གསུམ་ནི་སྣོད་བཅུད་སྲུང་འཛིན་ཡག་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མ་མཐའི་ཚད་དང་། དམར་ཐིག གློག་ཆེན་བཅས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གངས་ལྗོངས་ས་མཐོའི་ཐོག་གི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་དང“འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང”སྲུང་སྐྱོང་ཡག་པོ་བྱེད་དགོས་པ། བཞི་ནི་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་དོན་ལ་འབབ་སར་བརྩིས་ནས་དམངས་བདེ་དམངས་ཕན་དང་དགོན་ཕན་གྲྭ་ཕན་གྱི“བྱ་བ་དངོས་བཅུ”མུ་མཐུད་ཡག་པོ་བསྒྲུབས་ཏེ་དབུལ་སྐྱོར་འགག་སྒྲོལ་དང་། ལས་ཞུགས་རྒྱ་ཆེར་གཏོང་བ། སློབ་གསོའི་བྱ་གཞག སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་ཕན་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་གྲུབ་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བར་ཕན་པ་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་རེད་ཅེས་བསྟན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།