དཀར་མཛེས་ཁུལ་གྱི་ཐེབས་རྩ་གཡོ་ལེན་ལ་རྡུང་རྡེག་བཏང་ནས་ཐེབས་རྩ་ཉེན་མེད་ཡོང་བའི་སྐོར་གྱི་གྲོས་འདོན་ཡི་གེ།

ཁུལ་ཡོངས་ཀྱི་དམིགས་འཛུགས་སྨན་རྫས་ལས་ཁུངས་དང་། ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣ། སྨན་བཅོས་ཉེན་སྐྱོབ་ཀྱི་ལས་སྒྲུབ་པ་རྣམ་པ།

སྨན་བཅོས་འགན་སྲུང་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་དང་འབྲེལ་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་ཞིང་། སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་ནི་དམངས་མི་སེར་གྱི་སྲོག་སྐྱོབ་པའི་དངུལ་ཡིན་ལ་སྨན་བཅོས་ཉེན་སྐྱོབ་ལམ་ལུགས་རྒྱུན་སྲིང་འཁོར་སྐྱོད་ཐུབ་པའི་ཚེ་སྲོག་ལྟ་བུ་ཡིན། ཐེབས་རྩ་ཉེན་མེད་ཡོང་བར་བྱ་རྒྱུ་ནི་ང་ཚོའི་བླ་མེད་ཀྱི་འགན་འཁྲི་ཡིན་པ་རེད། རང་ཁུལ་གྱི་སྨན་བཅོས་འགན་སྲུང་ཐེབས་རྩ་ཉེན་མེད་རྒྱུན་སྲིང་ཐུབ་པ་ཡོང་ཆེད། དཀར་མཛེས་ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱིས་གྲོས་འདོན་འདི་ལྟར་བྱས་པ་སྟེ།

གཅིག ཁྲིམས་ལུགས་ཀྱི་འདུ་ཤེས་དྲག་པོ་བཅངས་ཤིང་། ཁྲིམས་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏང་དགོས།

མ་བསྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་། སྨན་བཅོས་ཉེན་སྐྱོབ་ཀྱི་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་དང་དེའི་ཁྲོད་དུ་ཞུགས་དགོས། སྨན་བཅོས་ཉེན་སྐྱོབ་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་གཏན་འབེབས་སློབ་སྦྱོང་ནན་ཏན་བྱེད་ཅིང་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱེད་པ་དང་། དམངས་ཡོངས་ཉེན་སྐྱོབ་ནང་དུ་ཞུགས་པའི་ཁྲིམས་ལུགས་འདུ་ཤེས་དང་ཡིད་རྟོན་འདུ་ཤེས་ཇེ་དྲག་ཏུ་བཅངས་ཤིང་། རང་རྟོགས་ཀྱིས་བསམ་བློའི་སྲུང་ར་བརྟན་པོ་བཟོ་བ་དང་། བཅའ་ཁྲིམས་ཀྱི་མཐའ་ཚད་དང་སྲིད་ཇུས་ཀྱི་དམར་ཐིག་བརྟན་སྲུང་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་མཐོ་གློག་སྐུད་པ་ལས་རིང་དུ་བྱོལ་ཞིང་། ཁུལ་ཡོངས་ཀྱི་གཅིག་བསྡུས་ཀྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་སྨན་བཅོས་ཉེན་འགོག་ཐེབས་རྩའི་སྐོར་གྱི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བའི་གོ་སྐབས་དང་བསྟུན་ནས། ཚ་ཚ་འུར་འུར་གྱིས་ཁྲིམས་ལུགས་སྦྱོང་བ་དང་སྤྱོད་པ། ཐེབས་རྩ་གཡོ་ལེན་ལ་རྡུང་རྡེག་དང་ཐེབས་རྩ་ཉེན་མེད་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ། སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་ཉེན་མེད་ཡོང་བར་འགན་སྲུང་བྱ་ཆེད་བྱས་རྗེས་གཞག་དགོས།

གཉིས། བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ཤིང་། སྨན་རྫས་ཞབས་ཞུ་ཚད་ལྡན་གཏང་དགོས།

དམིགས་འཛུགས་སྨན་རྫས་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣ་ལ་སྨན་རྫས་འཕྲོད་བསྟེན་ཞབས་ཞུ་ཡག་པོ་བྱ་དགོས་པ་དང་། སྨན་བཅོས་ཉེན་སྐྱོབ་ཞབས་ཞུའི་གྲོས་ཡིག་ལག་ལེན་བློས་འཁེལ་ཐུབ་པ་བྱེད་ཅིང་། རང་རྟོགས་ཀྱིས་བརྟག་བཅོས་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཐེབས་རྩ་གཡོ་ལེན་བྱེད་པར་སྔོན་འགོག་ནན་པོ་བྱ་དགོས།སྨན་དོན་ལས་སྒྲུབ་མི་སྣས་སྨན་བཅོས་ཉེན་སྐྱོབ་ཀྱི་སྲིད་ཇུས་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཆུད་པར་བྱེད་ཅིང་། ནད་ཐོག་སྨན་བཅོས་དང་བརྟག་བཅོས་ལུགས་མཐུན།སྨན་སྤྱོད་ལུགས་མཐུན། སྨན་རིན་ལུགས་མཐུན་བཅས་ཡོང་བར་རྒྱུན་འཁྱོངས་བྱེད་པ་དང་།ཐེབས་རྩ་ཕྱིར་གཏོང་གི་འགག་སྒོ་ཡག་པོ་བསྲུང་དགོས། ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣས་རང་ས་ནས་བཟུང་སྟེ་སྨན་བཅོས་ཉེན་སྐྱོབ་ཀྱི་ཁེ་དབང་གཅེས་སྤྲས་བྱེད་ཅིང་ཐེབས་རྩ་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་དགོས། རང་རྟོགས་ཀྱིས་སྨན་བཅོས་འགན་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་གཏན་འབེབས་བཅས་བརྩི་སྲུང་བྱེད་པ་དང་། སྨན་བསྟེན་སྨན་ཉོའི་བྱ་སྤྱོད་ཚད་ལྡན་བྱེད་ཅིང་།རང་རྟོགས་ཀྱིས་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་དང་མ་བསྐུལ་དང་ལེན་གྱིས་ཐེར་འདོན་བྱ་དགོས།མཐའ་གཅིག་ཏུ་སྨན་བཅོས་རྫུན་མ་བྱེད་པ་དང་མིང་སྦྱར་སྡོད་བཅོས་བྱེད་པ།ཁྲིམས་འགལ་གྱིས་སྨན་རྫས་དང་འཛད་རྫས་རག་ཐབས་བྱེད་པ་སོགས་ཀྱི་སྨན་བཅོས་ཐེབས་རྩ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་འཐབ་འཛིང་བྱ་དགོས། མཐའ་གཅིག་ཏུ་སྤྱི་ཚོགས་འགན་སྲུང་བྱང་བུ་སྤྱད་དེ་ཉེར་སྤྱོད་དངོས་རྫས་དང་བྱུག་རྫས་སོགས་ཉོས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱ་དགོས། ཚེ་སྲོག་སྐྱོབ་ཡས་ཀྱི་དངུལ་བེད་སྤྱོད་དང་སྲུང་སྐྱོང་ཡག་པོ་བྱ་དགོས།

གསུམ། ཁྲིམས་ལྟར་བཅོས་སྐྱོང་ནན་པོ་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ཤུགས་མང་གཅིག་ཏུ་བསྒྲིལ་དགོས།

སྨན་བཅོས་ཉེན་སྐྱོབ་སྡེ་ཁག་གིས་ཐེབས་རྩ་ཉེན་མེད་ཡོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཁྲིམས་འབེབས་འགན་འཁྲི་ཧུར་ཐག་ཁུར་བ་དང་། གྲོས་མོལ་དོ་དམ་དང་ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཐེར་འདོན་གྱོད་གཏུག་གི་འགྲོ་ལམ་ཐོགས་པ་མེད་པར་བཟོ་དགོས། བྱ་དགའ་སྤྲད་པའི་སྲིད་ཇུས་ལག་ལེན་བྱེད་ཅིང་། མཐའ་གཅིག་ཏུ་ལས་གནས་སྲུང་བར་འགན་འཁྲི་ཡོད་པ་དང་འགན་འཁྲི་ཡོད་ཕྱིན་ཡག་པོ་འཁུར་ཐུབ་པ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་ཁུར་ཕོད་པའི་འཇོན་ནུས་འདོན་དགོས། སྨན་བཅོས་འགན་སྲུང་དང་སྤྱི་བདེ། ཞིབ་རྩིས།འཕྲོད་བསྟེན་བདེ་ཐང་། ཁྲོམ་ར་ལྟ་སྐུལ་བཅས་ཀྱི་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་དང་འགན་འཁྲི་ནན་སྒྲུབ་བྱས་ཏེ། ཁྲིམས་འཛིན་མཉམ་བྱེད་དང་ཆད་གཅོད་མཉམ་བྱེད།སྲིད་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་པ་བཅས་ཀྱི་ལས་ཆོད་ཆེ་བའི་ལས་དོན་ནང་སྲོལ་བཙུགས་ནས་ལྟ་སྐུལ་དོ་དམ་གྱི་ཤུགས་མང་གཅིག་ཏུ་འགྲིལ་བར་བྱ་དགོས། ང་ཚོས་སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་བཅས་ཀྱི་སྨན་བཅོས་ཉེན་སྐྱོབ་ཀྱི་དམངས་ཕན་སྲིད་ཇུས་ཁག་ལག་ལེན་བྱས་ཏེ། སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཡིན། ང་ཚོས་བདག་པོའི་འདུ་ཤེས་བཅངས་ཏེ་སྨན་བཅོས་ཉེན་སྐྱོབ་ཀྱི་ལས་ཀར་དོ་ཁུར་དང་རྒྱབ་སྐྱོར། ལྟ་སྐུལ་བཅས་བྱེད་ཤུགས་དེ་བས་ཆེ་རུ་གཏང་བ་དང་། ཐུན་མོང་གིས་སྨན་བཅོས་འགན་སྲུང་ལ་ཡིད་རྟོན་རུང་བའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས་སྨན་བཅོས་འགན་སྲུང་ལས་དོན་དེ་ཏང་བློ་བདེ་བ་དང་མང་ཚོགས་ཡི་རང་བའི་དམངས་ཕན་ལས་གྲྭ་ཞིག་ཏུ་འགྱུར་དུ་འཇུག་རྒྱུ་ཡིན་ནོ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།