ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གིས་ཞིང་སྡེ་གསར་བའི་རྒན་གསོའི་འགན་སྲུང་ཚོད་ལྟའི་བྱ་བའི་གྲོས་ཚོགས་བསྡུས། རོང་བྲག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་གྲོས་ཚོགས་སུ་ཞུགས། ཚོགས་ཐོག་ཏུ། རོང་བྲག་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཏུའུ་ཏེ་ཆིན་གྱིས་གཏམ་བཤད་སྤེལ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་ཞོས་ཀོས་ཆང་གིས་མགོ་ཁྲིད་ཚན་ཆུང་གི་མིང་ཐོ་སྒྲོག་འདོན་བྱས། རྫོང་ནོར་སྲིད་ཅུའུ་དང་རྫོང་མི་དོན་ངལ་རྩོལ་སྤྱི་ཚོགས་འགན་ལེན་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་གཏམ་བཤད་སྤེལ།
ཤང་དང་གྲོང་རྡལ་གྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཚོད་ལྟ་ས་ཚིགས་ཀྱི་ཤང(གྲོང་རྡལ)15ཡི་ཚབ་བྱས་ནས་རང་རང་གི་བསམ་ཚུལ་བརྗོད་པ་དང་། ཕྱོགས་ཡོངས་ནས་དྲིལ་བསྒྲགས་སྐུལ་སློང་བྱ་བར་ཁས་ལེན་དམ་བཅའ་བྱས་པ་མ་ཟད། དམངས་ལ་ཕན་པའི་བྱ་བ་བཟང་བོ་འདི་དོན་དངོས་ཐོག་བཀོལ་སྤྱོད་བཟང་བོ་བྱེད་དགོས་པའི་བསམ་པ་བསྟན། ཐེངས་འདིའི་གྲོས་ཚོགས་བསྡུས་པ་ལས་རོང་བྲག་རྫོང་གི་ཞིང་སྡེ་གསར་བའི་རྒན་གསོའི་འགན་སྲུང་བྱ་བ་དངོས་སུ་འགོ་བརྩམས་པ་མཚོན། །