​མཚོ་སྔོན་ནང་བསྟན་སློབ་གླིང་གིས་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པ་དང་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་བ།

WechatIMG161.jpeg

༄༅།།བསྟན་བཅོས་ཞིབ་ཏུ་མཇལ། སྨྱུག་རྩལ་ཉམས་ཀྱིས་ཁྱོགས།

མཚོ་སྔོན་ནང་བསྟན་སློབ་གླིང་གིས་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པ་དང་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་བ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2019ལོའི་འཛམ་གླིང་དཔེ་ཀློག་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་ངོ70འཁོར་བར་བསུ་བ། རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་སློབ་སྦྱོང་དང་རྒྱུད་འཛིན་དང་དུ་བླངས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། དཔེ་ཀློག་དང་ཡིག་གཟུགས་འབྲི་བར་སྐུལ་སློང་བྱེད་ཕྱིར་དང་། སློབ་གླིང་གི་རིག་གཞུང་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་བཅས་ཀྱི་སླད་དུ། སྤྱི་ཟླ4པའི་ཚེས23ཉིན། མཚོ་སྔོན་ནང་བསྟན་སློབ་གླིང་གིས་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པ་དང་འཛམ་གླིང་གི་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ། ཡོན་གནས་འཛིན་གྲྭ་སོ་སའི་སློབ་མ40ལྷག་ཡིག་གཟུགས་འགྲན་བསྡུར་ནང་ཞུགས། 

WechatIMG162.jpeg

   འགྲན་བསྡུར་གྱི་དྲང་བདེན་རང་བཞིན་མངོན་པར་མཚོན་ཆེད། ཐེངས་འདིའི་འགྲན་བསྡུར་གྱི་འབྲི་བྱའི་ནང་དོན་ནི་སློབ་གླིང་གིས་གཅིག་གྱུར་བྱས་པའི་ཐོག འགྲན་ཞུགས་སློབ་མ་ཡོངས་ཀྱིས་དུས་ཚོད་གཏན་འཁེལ་ནང་བརྩམས་ཆོས་འགྲུབ་དགོས་པར་མ་ཟད། བརྩམས་ཆོས་སྟེང་དུ་ཨང་རྟགས་འགོད་པ་ལས་རུས་མིང་མི་འབྲི་བར་བྱས་ཏེ། ཆུ་ཚོད་གཉིས་ཙམ་གྱི་རིང་ལ་འགྲན་ཞུགས་སློབ་མ་རྣམ་པས་རང་ངོས་ཀྱི་ཡིག་གཟུགས་འཇོན་ཐང་ལེགས་པར་ངོམ་སྟེ། ཡིག་གཟུགས་བརྩམས་ཆོས70ལྷག་ལེགས་པར་གྲུབ། ཐེངས་འདིའི་འགྲན་ཞུགས་སློབ་མ་དག་གི་བརྩམས་ཆོས་ལ་ལཉྫ་དང་ལརྟུ། དབུ་ཅན། སུག་རིང་། སུག་ཐུང་། འབྲི་ཚ། ས་བྲིས། འཁྱུག་བྲིས་ལ་སོགས་པའི་ཡིག་གཟུགས་མི་འདྲ་བ་མང་པོ་འཇོན་ནུས་ཅི་ཡོད་ཀྱིས་མངོན་པར་བྲིས་ཏེ། རྒྱ་ཆེའི་དགེ་སློབ་ཡོངས་ལ་ཁྱད་དུ་འཕགས་པའི་སྨྱུག་རྩལ་མངོན། 

WechatIMG163.jpeg

      འགྲན་བསྡུར་མཇུག་རྫོགས་རྗེས་སུ་ཡུལ་དངོས་ནས་བརྩམས་ཆོས་ཚང་མ་འགྲེམ་སྟོན་བྱས།ཐེངས་འདིའི་འགྲན་བསྡུར་ལ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་མགོ་གཙོ་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་ལགས་གདན་འདྲེན་བགྱིས་ཏེ་དཔྱད་འདེམས་པ་གཙོ་བའི་ལས་འགན་འཁུར་ཏེ། སློབ་གླིང་གི་ཡོངས་འཛིན་དྲུག་དང་བཅས་པའི་དཔྱད་འདེམས་ཚོགས་པའི་ཡུལ་དངོས་ནས་སྐར་མ་བརྒྱབ། བསྡོམས་པས་སློབ་མ6ལ་བྱ་དགའ་ཐོབ་ཅིང་། དེ་དག་ལས2017ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་རབ་བརྟན་རྒྱ་མཚོ་ལ་ཨང་དང་པོའི་གཟེངས་རྟགས་ཐོབ་ཅིང་། དགེ་འདུན་སྦྱིན་པ་དང་བཅས་པའི་སློབ་མ་གཉིས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ། དགེ་འདུན་དབང་ཕྱུག་དང་བཅས་པའི་སློབ་མ་གསུམ་ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ། སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་ལྷ་རྒྱལ་ལགས་ཀྱིས་གཟེངས་རྟགས་ཐོབ་པའི་སློབ་མ་རྣམས་ལ་བྱ་དགའ་གནང་།

ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་བདེ་ལེགས་ངང་སྤེལ་ཏེ། སློབ་རའི་རིག་གནས་འཚོ་བ་གྱ་ནོམ་ཕུན་ཚོགས་སུ་བཏང་ཞིང་། སློབ་རའི་རིག་གནས་མཁའ་དབུགས་ཡངས་མོ་ཞིག་མཚར་དུ་བསྐྲུན། དེ་དང་ཆབས་ཅིག་ཏུ། རྒྱ་ཆེའི་སློབ་མ་ཡོངས་ལ་ཕན་ཚུན་བགྲོ་གླེང་དང་སློབ་སྦྱོང་གི་ཉམས་མྱོང་བརྗེ་རེས། དུས་སྐབས་གསར་བའི་ནང་བསྟན་སློབ་གླིང་གི་གྲྭ་བཙུན་དག་གི་བརྗིད་ཉམས་ངོམ་སའི་གར་སྟེགས་ཤིག་ཀྱང་བསྐྲུན་ནོ། །

ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ནི་མཚོ་སྔོན་ནང་བསྟན་སློབ་གླིང་གི་འཛམ་གླིང་དཔེ་ཀློག་ཉིན་མོའི་མུ་འབྲེལ་བྱེད་སྒོའི་གྲས་ཀྱི་གཅིག་ཡིན་ཞིང་། བྱེད་སྒོ་འདི་སྤེལ་བ་དང་དུས་མཉམ་དུ། ད་དུང་འཛམ་གླིང་དཔེ་ཀློག་ཉིན་མོའི་ཤེས་བྱའི་བྱང་བུ་རྒྱུད་སྒྲོག་བྱེད་པའི་བྱེད་སྒོའང་སྤེལ་ཏེ། འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་བ་དང་དོན་སྙིང་ཡང་ངོ་སྤྲོད་རྒྱུད་སྒྲོག་བྱས།

WechatIMG168.jpeg

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།