མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དཔྱིད་དུས་ཀྱི་རི་ཐང་སྐོར་ཞིབ་འགོ་བརྩམས་པ།

F201904121347337476700818.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ3པའི་ཚེས26ནས་ཟླ4བའི་ཚེས2ཉིན་བར་དུ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ལ་དཔྱིད་དུས་ཀྱི་སྐོར་ཞིབ་དང་གཙང་བཤེར་ལས་དོན་ཞིབ་དཔྱད་སྤེལ་ནས། མཚོ་སྔོན་པོའི་མངའ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དོ་དམ་རིམ་གྱིས་ཤུགས་སྣོན་བརྒྱབ་ཅིང་། ཁྲིམས་འགལ་གྱིས་རི་དྭགས་རྔོན་པ་དང་རི་སྐྱེས་སྲོག་ཆགས་ཚོང་གཉེར་བྱས་པའི་ཉེས་གསོག་སྤྱོད་ངན་ལ་རྡུང་རྡེག་བཏང་བ་རེད། 

F201904121347487066700819.jpg

ལྟ་ཞིབ་ཚད་ལེན་ལས་གསལ་སྟོན་བྱས་པ་སྟེ། དགོ་དམར14ཡི་བརྟག་དཔྱད་ས་ཁུལ་ལ་བརྟག་དཔྱད་ཞིབ་མོ་བྱས་པར་བརྟེན། དགོ་དམར2484མཐོང་བ་དང་། དེའི་ནང་ལ་དགོ་བ་ཕོ729དང་། དགོ་བ་མོ1755ཡོད། རྫོང་ལ་གཞིགས་ནས་དབྱེ་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་རྫོང་དུ24དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ335། རྐང་ཚ་རྫོང་དུ2086། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ39བཅས་ཡོད། སྲུང་སྐྱོང་ཁུལ་གྱི་མངའ་ཁོངས་ལས་དབྱེ་ན། སྲུང་སྐྱོང་ཁུལ་ནང་དུ691དང་སྲུང་སྐྱོང་ཁུལ་ཕྱི་རོལ་ཏུ1793ཡོད། 

F201904121348449226700820.jpg

དུས་མཚུངས་སུ་བསྡོམས་བརྩིས་བྱས་པར་གཞིགས་ན། ཆུ་བྱ་སྡེ་ཚན9དང་རིགས32ཁྱོན་བསྡོམས་ཆུ་བྱ17300ལྷག་མཐོང་ཡོད། དེའི་ནང་ལ་མཚོ་སྔོན་པོར་རྒྱུད་སྤེལ་བྱེད་པའི་དུས་བྱ་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་སྐྱར་མགོ་སྨུག ཆུ་སྐྱར། སོ་བྱ་སོགས་མཚོ་སྔོན་པོར་སླེབས་ཟིན་ཅིང་། ཁ་གྲངས2000ཉེ་བ་ཙམ་ཡོད། སོ་བྱས་ཚང་བཅའ་བཞིན་ཡོད་ལ། ངང་པ90ལྷག་མཚོ་སྔོན་པོའི་འགྲམ་དུ་བབས་པ་དང་། ཁྲུང་ཁྲུང་སྐེ་ནག་ཀྱང་རིམ་བཞིན་ཚོགས་བསྒྲིགས་ནས་ཡོང་བཞིན་ཡོད། 

F201904121348564956700821.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།