རྨ་འབྲི་རྫ་གསུམ་གྱི་ཆུ་བོ་འདྲེས་པའི་མཛད་སྒོ་ཡུལ་ཤུལ་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་མཚོ་སྔོན་གྱི་རིག་གནས་གནས་སྐོར་དུས་ཆེན་ཐོན་ལ་ཉེ་སྐབས།  ཟླ4པའི་ཚེས9ཉིན། རྨ་འབྲི་རྫ་གསུམ་གྱི་ཆུ་བོ་འདྲེས་པའི་མཛད་སྒོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གེ་སར་རིག་གནས་ཐང་ཆེན་དུ་སྤེལ། 

ཉིན་དེའི་ཡུལ་ཤུལ་གྱི་ནམ་མཁའ་གཡའ་དག་ཞིང་། གེ་སར་རིག་གནས་ཐང་ཆེན་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་མང་ཚོགས་ཀྱིས་ཁེངས་འདུག  འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་པོ་གསུམ་གྱི་ཆུ་བོ་སྐྱེལ་བའི་སྐྱ་བོ་རུ་ཁག་ཐང་ཆེན་དུ་ཐོན་མ་ཐག ཡུལ་དངོས་སུ་དགའ་བསུའི་དགའ་སྤྲོས་ཁེངས།  མང་ཚོགས་སྟོང་ལྷག་གིས་བསུ་མ་བྱས་འོག བོད་རིགས་བུ་མོ་དྲུག་གིས་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་གཙང་པོ་གསུམ་ནས་བླངས་བའི་ཆུ་བོ་གར་སྟེགས་སྟེང་ཁྱེར་ཡོང་བ་དང་། དེས་ཡུལ་ཤུལ་མི་དམངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་། རང་བྱུང་ཁམས་ལ་དད་མོས་བྱེད་པའི་ལྷག་བསམ་རྣམ་དག་མཚོན་ཡོད། 

ཡུལ་ཤུལ་གྱི་རིག་གནས་གནས་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པས། རྨ་འབྲི་རྫ་གསུམ་ལ་ཀྲུང་ཧྭའི་ཆུ་མཛོད་ཆེན་མོ་ཞེས་པའི་མཚན་སྙན་ལྡན། འཛམ་གླིང་མཚོ་ངོས་ལས་ཆེས་མཐོ་བ་དང་། གཞི་ཁྱོན་ཆེས་ཆེ་བའི་བརླན་སའི་སྐྱེ་ཁམས་མ་ལག་ལྡན་པས། དེ་ནི་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམ་སྒྲིག་ཁུལ་གྱི་གྲས་ཤིག་ཀྱང་ཡིན། རྨ་འབྲི་རྫ་གསུམ་དང་ཨ་ཆེན་གངས་རྒྱབ། ལྷུན་པོ་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཡུལ་ཤུལ་གྱི་མངའ་ཁོངས་ལ་ཁྱབ་ཡོད་པ་མ་ཟད། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་གྱི་གྲས་སུ་ཚུད་པ་དང་། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལམ་ལུགས་བཙུགས་པ་སོགས་ཀྱིས་ཡུལ་ཤུལ་ལ་ཐུན་མོང་མ་ཡིན་པའི་འཛམ་གླིང་གི་རང་བྱུང་ཐོན་ཁུངས་ལྡན་དུ་བཅུག་ཡོད། 

ཉིན་དེའི་ཆུ་བོ་འདྲེས་པའི་མཛད་སྒོར་ཕྱོགས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པ་དང་། ཀྲུང་གོའི་དྲ་བ་དང་ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ཁག་གིས་ཡུལ་དངོས་སུ་ཐད་གཏོང་བྱས་པ་དང་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཁྲི48.2ལྷག་གིས་ཐེངས་འདིའི་བྱ་འགུལ་ལ་བལྟས། རྨ་འབྲི་རྫ་གསུམ་གྱི་ཆུ་བོ་ཟླ4པའི་ཚེས12ཉིན2019ལོའི་མཚོ་སྔོན་གྱི་རིག་གནས་གནས་སྐོར་དུས་ཆེན་སྤེལ་འགོ་རྩོམ་པའི་མཛད་སྒོ་སྟེང་འབུལ་རྒྱུ་རེད།  །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།