མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དཔེ་སྟོན་ཞིང་ཆེན་གཏོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་འདི་ཉིད་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དཔེ་སྟོན་ཞིང་ཆེན་དུ་གཏོད་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་མཚོ་སྔོན་གྱིས་2019ལོ་ནས་བཟུང་གི་ལོ་5ཡི་ནང་རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་ས་ཁོངས་ཧྲིལ་པོའི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དཔེ་སྟོན་ཞིང་ཆེན་གཏོད་པ་དང་ཞིང་ལས་སྤུས་མཐོ་ཕན་འཕར་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། 2023ལོར་ཞིང་ཆེན་ཡོངས་སུ་ཞིང་ལས་ལོ་ཏོག་གི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱ་རྒྱུ་སྤྱི་ཡོངས་ལ་ཁྱབ་པ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་སྤྱི་ཡོངས་ལ་ཁྱབ་པར་བྱས་ཏེ་ཞིང་སྨན་སྤྱོད་ཚད60%ཡན་ཉུང་དུ་གཏོང་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས་ས་ཁོངས་ཧྲིལ་པོ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དཔེ་སྟོན་ཞིང་ཆེན་ལ་གཏོད་རྒྱུ་དེ་དུས་མཚམས་གསུམ་ལ་དབྱེ་བ་སྟེ། 2019ནས2020ལོ་བར་སྔོན་ལ་ཚོད་ལྟ་བྱེད་པའི་དུས་མཚམས་དང་། 2021ནས2022ལོ་བར་རྒྱ་ཁྱོན་ཆེ་རུ་དང་ཕན་ནུས་ཆེ་རུ་གཏོང་བའི་དུས་མཚམས2023རྗེས་སུ་རིམ་སྤོར་གྱི་དུས་མཚམས་ཡིན་པ་བཅས་རེད། ལག་རྩལ་གྱི་ཐབས་ལམ་ཐད་གཅིག་ནི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ནད་འབུའི་གནོད་འཚེར་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་སྤྱོད་རྒྱུ་དང་། གཉིས་ནི་སྐྱེ་ལྡན་ལུད་དང་སྡེབ་སྦྱོར་ལུད་ཀྱི་ལག་རྩལ་ཟུང་འབྲེལ་བྱས་ཏེ་ནད་འབུའི་གནོད་འཚེ་ཆེད་ལས་ཅན་གྱིས་གཅིག་གྱུར་སྔོན་འགོག་དང་གཅིག་གྱུར་བཅོས་རྒྱུ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་མཉམ་འདྲེས་ཀྱི་ལག་རྩལ་སྤྱོད་རྒྱུ། གསུམ་ནི་སྐྱེ་ལྡན་ལུད་དང་། སྡེབ་སྦྱོར་ལུད། རྫས་ལུད་བཅས་ཀྱི་ལག་རྩལ་སྤྱད་དེ་ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་དང་གཅིག་གྱུར་ཐོག་བཅོས་པའི་སྔོན་འགོག་ཚོད་འཛིན་མཉམ་འདྲེས་ལག་རྩལ་སྤྱོད་རྒྱུ་བཅས་རེད་ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ལོ5འཁོར་ཡུན་གཅིག་ལ་བྱས་ཏེ། ལོ་ཏོག་གི་ཧེ་བག་དབྱེ་ནས་ཁ་གསབ་སྤྲོད་རྒྱུ་དང་མ་དངུལ་གྲབས་གསོག་ཐད“སྲིད་གཞུང་གི་རྒྱབ་སྐྱོར་དང་། ས་གནས་ཀྱི་ལྷུ་སྒྲིག མང་ཚོགས་ཀྱིས་རང་གྲབས”བཅས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱེད་ཐབས་སྤྱོད་རྒྱུ་རེད། འཁོར་སྐྱོད་ལམ་སྲོལ་ཐད་སྲིད་ཇུས་ཀྱི་ཁ་གསབ་ལམ་སྲོལ་དང་། ཞིང་པའི་བྱེད་པོའི་བདེ་འཇགས་སྤྱོད་པའི་ལམ་སྲོལ་དང་དེ་བཞིན་ཁེ་ལས་ཀྱི་གདེང་འཇོག་ལམ་སྲོལ། དཔྱད་ཞིབ་ལམ་སྲོལ། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཅས་འཛུགས་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར5.35གྲབས་གསོག་བྱས་ནས་ཚོད་ལྟའི་ཁུལ་དུ་རྫས་ལུད་དང་ཞིང་སྨན་གྱི་ཚད་ཉུང་དུ་དང་ཕན་འབྲས་མཐོ་རུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། འདི་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)7དང་རྫོང(གྲོང་ཁྱེར་དང་ཆུས)19དང་དེ་བཞིན་གཞུང་ཁོངས་ཞིང་འབྲོག་ར11ཏུ་གྲོ་དང་། ནས། ཞོག་ཁོག རྒྱ་སྲན། པད་ཁ། ཤིང་འབྲས་དང་སྔོ་ཚལ། ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྩྭ་སོགས་ཞིང་ལས་ལོ་ཏོག11ལ་ཚོད་ལྟའི་ལས་དོན་སྤེལ་བ་དང་། སྐྱེ་ལྡན་ལུས་ཀྱིས་རྫས་ལུད་ཀྱི་ཚབ་བྱས་ནས་ཞིང་ལས་ལོ་ཏོག་དང་དེ་བཞིན་ཞིང་ལས་ལོ་ཏོག་གི་ནད་དང་འབུའི་གནོད་འཚེར་ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་ཚོད་ལྟའི་རྒྱ་ཁྱོན་སྤྱི་ཆིང་ཁྲི7.6ཟིན་ནས་ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་སྤྱོད་ཚད2018ལོ་ལས20%ཡན་ཉུང་དུ་འགྲོ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།