ཡུལ་ཤུལ་ཁུལ་གྱིས་གནོད་འགོག་རྒུད་སྐྱོབ་བྱ་བར་ཁྱོན་ཡོངས་ནས་ཚོད་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས10ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་གྱི་ཁངས་སྐྱོན་གནོད་ཐེབས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་ལོ་སར་ཡག་པོ་ཞིག་རོལ་དུ་འཇུག་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་ནོར་སྲིད་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱེད་པ་བཅས་ཀྱི་ཆེད་དུ། ཚེས10ཉིན་བར་དུ། ཡུལ་ཤུལ་ཁུལ་ཡོངས་ཀྱིས་ཁངས་སྐྱོན་རྒུད་སྐྱོབ་ཀྱི་གཟན་རྩྭ་དང་གཟན་ཆས་ཏུན་སྟོང་ལྔ་དང་བརྒྱད་བརྒྱ་ལྔ་བཅུ་སྐྱེལ་འདྲེན་བྱས་ཏེ། འཆར་གཞིའི་འོས་འགན་བརྒྱ་ཆའི་བརྒྱ་ཡོངས་འགྲུབ་བྱས། 

བསྟུད་མུར་ཉིན་འགའི་རིང་ལ། ཡུལ་ཤུལ་ཁུལ་མངའ་ཁོངས་སུ་ཁངས་ཆེན་བབས་ནས། ཡུལ་ཤུལ་ཁུལ་ཡོངས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་རྣམ་པ་མི་འདྲ་བའི་སྒོ་ནས་ཁངས་སྐྱོན་གྱི་གནོད་འཚེ་ཐེབས་ཡོད་ཅིང་། ས་ཁུལ་ཁ་ཤས་ཀྱི་ཁ་བའི་མཐུག་ཚད་ལ་ལི་སྨི་ཞེ་ལྔ་ཡོད། ཁངས་མཐུག་པོ་བབས་ནས་ས་ངོས་ཀྱི་རི་རྩྭ་ཕལ་ཆེར་ཁ་བས་གཡོགས་ཡོད་པས། ཤ་ཤེད་མི་བཟང་བའི་ནོར་ལུག་མང་པོ་བསྟུད་མུར་ཤི་བའི་གནས་ཚུལ་བྱུང་། དེའི་ཁྲོད་དུ། རྫ་སྟོད་རྫོང་དང་ཆུ་དམར་ལེབ་གཉིས་ལ་ཁངས་སྐྱོན་གྱི་གནོད་པ་ཐེབས་ཚད་ཧ་ཅང་ཆེ། ཁངས་སྐྱོན་བྱུང་རྗེས། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ། ལས་བྱེད་པ་རྩ་འཛུགས་བྱས་ནས་རྒུད་སྐྱོབ་བྱ་འགུལ་སྤེལ་བ་དང་། གནོད་སྐྱོན་བྱུང་ཚུལ་ལ་རྟོག་ཞིབ་དང་གཟན་རྩྭ་སྐྱེལ་འདྲེན། མང་ཚོགས་བདེ་སྐྱོང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས།

 རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དང་སྒོ་ཕྱུགས། འགྲིམ་འགྲུལ་བཅས་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལྟར། རྫོང་དང་ཞང་། གྲོང་རྡལ། སྡེ་བ། གཞིས་ཁུལ་བཅས་ཀྱི་མཉམ་སྒུལ་ལམ་ལུགས་བཙུགས་པར་བརྟེན་ནས། དུས་ཚོད་ཉེར་བཞིར་ལས་གནས་བརྟན་སྲུང་བྱེད་པ་དང་གནོད་སྐྱོན་བྱུང་བའི་གནས་ཚུལ་དུས་ལྟར་སྙན་ཞུ་འབུལ་བ་སོགས་ཀྱི་ལམ་ལུགས་བཙུགས་ཏེ། ཤུགས་ཆེན་པོས་གནོད་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།