མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་བས་རྨ་ལྷོ་ཁུལ་ཏང་ཨུ་དང་རྫོང་བཞིའི་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་བས་སོ་སོར་རྨ་ལྷོ་ཁུལ་ཏང་ཨུ་དང་ཐུན་རིན་རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་རྫོང་བཅས་ཀྱི་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཡའོ་ཁྲུན་གྱིས་རྨ་ལྷོ་ཁུལ་ཏང་ཨུ་དང་རྫོང་བཞིའི་འགན་ཁུར་བློ་མཐུན་གཙོ་བོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་སྐབས་བཤད་པའི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། སྐོར་ཞིབ་དང་དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་གསལ་བོ་བཏོན། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཁུལ་ཏང་ཨུ་རྩ་འཛུགས་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་རྫོང་བཞིའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུ་ལ་ཞུགས།

ཝང་ཡའོ་ཁྲུན་གྱིས། ཁུལ་དང་རྫོང་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཞིབ་དང་དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཆབ་སྲིད་འགན་འཁྲི་དང་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། ཁུལ་དང་རྫོང་ཏང་ཨུའི་ཧྲུའུ་ཅི་དང་ཚན་ཁག་ཁོངས་མིས་རང་ཉིད་དེའི་ཁྲོད་འཇོག་པ་དང་། བྱ་བ་དེའི་ཁྲོད་འཇོག་པ། རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་ལེན་པ། སྣེ་ཁྲིད་དེ་དག་ཐེར་ལེགས་བཅོས་བྱེད་པ། དག་ཐེར་ལེགས་བཅོས་ལ་ཤུགས་སྣོན་པའི་སྟེང་ཤུགས་བཏོན་ནས། སྐོར་ཞིབ་སྐབས་སུ་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་དང་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁུལ་དང་རྫོང་ཏང་ཨུས་སྐོར་ཞིབ་བྱ་བ་བཟང་བོར་སྤེལ་བའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་ལག་བསྟར་ནན་མོ་བྱས་ཏེ། སྐོར་ཞིབ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

རྨ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས། འགོ་ཁྲིད་ཀྱི་སྣེ་ཁྲིད་པ་དང་མྱུར་དུ་འགུལ་སྐྱོད་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། སྐོར་ཞིབ་ཚན་ཆུང་གིས་བཏོན་པའི་བསམ་འཆར་གྲོས་གཞི་དང་དག་ཐེར་ལེགས་བཅོས་ཀྱི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། གནད་དོན་ཐག་གཅོད་བཟང་བོ་དང་སྐྱོན་ཆ་ཁ་གསབ་བྱེད་པ། ལམ་ལུགས་འཛུགས་སྐྲུན་བྱེད་པ། བརྟན་བརླིང་ངང་ཚད་གཞི་མཐོ་བའི་དག་ཐེར་ལེགས་བཅོས་སྤེལ་བ། རེ་རེ་བཞིན་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། ཐུན་རིན་དང་གཅན་ཚ། རྩེ་ཁོག ཧི་ནན་བཅས་རྫོང་བཞིའི་འགན་ཁུར་བློ་མཐུན་གཙོ་བོས། སྐོར་ཞིབ་ཚན་ཆུང་གིས་རྙེད་པའི་གནད་དོན་དང་བཏོན་པའི་བསམ་འཆར་སེམས་གཏིང་ནས་དང་ལེན་བྱས་པ་དང་མཐའ་གཅིག་ཏུ་ལེགས་བཅོས་བྱས་ཏེ།  ཕན་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།