ཧི་ནན་རྫོང་གིས་མང་ཚོགས་ཕྱུག་བསྒྱུར་བྱས་ཏེ་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད།

1536899689580067.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྐྱོར་མཁྲེགས་གཏོར་དང་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་ཡོ་ལང་རྣམ་པར་རྒྱས་ཤིང་། ས་གནས་སོ་སོས་ཁྱད་ལྡན་ཐོན་ལས་དང་སྐྱེ་ཁམས་ཕྱུག་ལས་མཉམ་ལས་ཁང་སོགས་བཙུགས་ནས་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་ཁར་འཁྲིད་བཞིན་པའི་དེང་གི་དུས་འདིར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་གོ་སྐབས་དམ་འཛིན་དང་ལེགས་ཆ་སྔོག་འདོན། ཚོང་རའི་གནས་བབས་བཅས་ལ་བསམ་གཞིགས་གང་མང་བྱས་མཐར། མི་རིགས་འཆམ་མཐུན་དང་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་ཕྱོགས་པའི་འཕྱོར་ཕྱུག་གི་གོམ་སྟབས་དང་པོ་སྤོས།

2.jpg

2016ལོར། ཧི་ནན་རྫོང་གིས་ཐོན་ལས་འཕེལ་རྒྱས་དབུལ་སྐྱོར་ལ་མ་དངུལ་སྒོར་ཁྲི8729དང་། ཡུལ་བབ་དང་བསྟུན་ནས་གནས་སྤོར་དང་ཁང་རྙིང་བསྒྱུར་བཅོས་ལ་མ་དངུལ་སྒོར་དུང་ཕྱུར1.27། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར6.35། སྤྱི་ཚོགས་འགན་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར1.1བཏང་བ་དང་བཅས་སྤྱིའི་མ་དངུལ་སྒོར་དུང་ཕྱུར16.4བཏང་ནས། དབུལ་ཐར་ཕྱུག་བསྒྱུར་གྱི་བྱ་བའི་ཁྲོད་དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་ནུས་པ་མཐོར་འདེགས་སུ་བཏང་བ་དང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། མིག་སྔར། ཧི་ནན་རྫོང་གིས་གནད་འཕིགས་དབུལ་སྐྱོར་བྱ་བར་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་པ་སྟེ། དེ་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཐོག་དང་པོའི་དབུལ་ཐར་གྱི་ཞྭ་མོ་ཕུད་པའི་རྫོང་དུ་གྱུར་བ་དེ་རེད།

5.jpg

ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་དང་མདོ་དབུས་མཐོ་སྒང་གི་བྱང་ཤར། རྨ་ཀླུང་ཁུགས་པ་དགུ་ལྡན་གྱི་ཁུགས་པ་དང་པོའི་ལྷོ་ཁུལ་དུ་གནས་ཤིང་དབྱར་བསིལ་ལ་དགུན་གྲང་ངར་ཆེ། མཚོ་ངོས་ལས་མཐོ་ཚད་ལ་རྨིད3600ལྷག་ཡོད་པ་དང་། སའི་གོ་ལའི་འཕྲེད་ཐིག34°04′དང་གཞུང་ཐིག100°53སྟེང་ན་ཡོད། རྫོང་འདིར་སོག་པོ་དང་བོད། རྒྱ། ཧོར། ཧོས་རིགས་སོགས་ཡོད་དེ། སོག་རིགས་ཀྱིས93.21%ཟིན། རྨ་ལྷོ་སོག་རྫོང་གི་འགྲིམ་འགྲུལ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ལ་འབྲེལ་ཡོད།

2017ལོར། ཧི་ནན་རྫོང་གི་དབུལ་ཕོངས་ཀྱི་གྲངས་ཀ་མང་ཆེ་ཤོས་ཟིན་པའི་ཉིན་མཐའ་གྲོང་རྡལ་དང་གཡུ་སྒང་ཉིན་གྲོང་རྡལ། ཐོ་ཡེ་མ་ཞང་གི་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་མྱུར་ཚད་དེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཆ་སྙོམས་ཡོང་སྒོ་ལས་བརྒལ་ཡོད།

1.jpg

ཕྱུགས་ལས་ཐོན་རྫས་ཉོ་འཚོང་ཚོང་ར་དང་དངུལ་རའི་ལུག་གསོ་སྤེལ་རྟེན་གཞི། དྲོད་ཁང་ནས་སྔོ་ཚོད་འདེབས་པའི་རྟེན་གཞི། གཟན་རྩྭ་ལས་སྣོན་བཟོ་གྲྭ་བཅས་གསར་དུ་ལས་པས། ཧི་ནན་རྫོང་གིས་སྡེ་བ་རེ་ལ་ཐོན་ལས་རེ་ཡོད་པ་དང་། ཁྱིམ་ཚང་རེ་ལ་ཐོན་རྫས་རེ་ཡོད་པའི་སྣ་མང་ཅན་གྱི་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་བསམ་གཞིགས་ལ་ཟུང་འབྲེལ་བྱས་ཏེ། ཕྱུགས་ལས་དང་ཁྱད་ལྡན་འདེབས་འཛུགས། ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བས། ཁྱད་ལྡན་ཐོན་ལས་ཏེ་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་འབྱུང་བའི་ཐབས་ལམ་གཙོ་བོར་གྱུར་ཡོད།

4.jpg

མིག་སྔར། རྫོང་ཡོངས་སུ་དབུལ་ཕོངས་སྡེ་བ16ཡོད་པ་དང་ཐོན་ལས་ལས་གཞི22ཀྱི་འཛུགས་སྐྲུན་འགན་འཁྲི་ཡོངས་འགྲུབ་བྱས་ཡོད། ཁྱིམ་ཚང་གཅིག་ལ་ཐབས་ཇུས་གཅིག་ཡོད་པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འཁེལ་ལྟར། ཁྱིམ་ཚང་གི་ཐོན་ལས་རོགས་སྐྱོར་གནད་འཁེལ་མ་དངུལ་སྒོར3039དངོས་འབེབ་བྱས་ཏེ། འབྲོག་ཁུལ་གྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར6400ཡི་རོགས་སྐྱོར་ཚད་གཞི་དེ་ཁྱིམ་ཚང997དང་མི་གྲངས3828ལ་བྱིན་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི2449.92བྱིན་ལ། ཐོན་ལས་ལས་གཞི་སྔར་ལས་ལྷག་པའི་རྒྱ་བསྐྱེད་བྱས་པས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོའི་འབྲེལ་ལམ་བརྟན་འཇགས་སུ་བཏང་།

3.jpg

ཧི་ནན་རྫོང་གིས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་ཁྲོད། ལས་གཞི་དང་མ་དངུལ་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཤང་དུ་བཀོད་སྒྲིག་བྱེད་བཞིན་ཡོད་པས། དབུལ་ཕོངས་མི་གྲངས་ཀྱི་ཟབ་ཞུགས་བྱེད་ཚད་ཇེ་མཐོར་བཏང་བ་དང་། ཧུར་ཐག་གིས་དབུལ་ཕོངས་ས་ཁུལ་གྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱས། གཞན་ནགས་ལས་དོ་དམ་མི་སྣ་དང་རྩྭ་སའི་སྐྱེ་ཁམས་དོ་དམ་མི་སྣའི་སྤྱི་ཕན་རང་བཞིན་གྱི་ལས་གནས756གསར་སྤེལ་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་ཕོངས་མི་གྲངས་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་པ་དང་། ཁྱད་དབུལ་ཁྱིམ་ཚང293ལ་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་ཡོད་པར་བྱས་པས། བཀོད་སྒྲིག་བྱས་ཚད66%ལ་སླེབས་ཡོད།

6.jpg

རྗེས་ཕྱོགས་སུ། ཧི་ནན་རྫོང་གིས་ལོ་བཞིའི་དུས་ཚོད་བེད་སྤྱོད་བྱས་ཏེ། ལོ་རེར་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་དཔེ་སྟོན་སྡེ་བ་བཅུ་རེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། འབྲོག་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་དང་མང་ཚོགས་ཀྱི་བསམ་བློའི་རྣམ་པ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་འགྱུར་ལྡོག་གསར་བ་འབྱུང་དུ་འཇུག་རྒྱུ་ཡིན། 2020ལོར་སླེབས་དུས། ཧི་ནན་རྫོང་གི་སྲིད་འཛིན་སྡེ་བ་སོ་དགུ་དེ་སྐྱེ་ཁམས་ཉམས་ཚོད་ལེན་ས་དང་སྤྲོ་སྐྱིད་གཏོང་ས། དམངས་སྲོལ་རིག་གནས། ཁྱད་ལྡན་ཐོན་ལས་ཀྱི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་དཔེ་སྟོན་སྡེ་བ་རུ་འཛུགས་སྐྲུན་བྱ་རྒྱ་རེད། །

(གསར་འགོད་པ། རམས་ཚེ་བྷོ། ཚེ་རིང་རྒྱ་མཚོ། རྡོ་རྗེ་བསམ་འགྲུབ། ཚེ་མཁར་རྒྱལ།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།