རྫ་སྟོད་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས“དགའ་ཞེན་གསུམ”གྱི་སློབ་གསོའི་ལག་ལེན་བྱ་འགུལ་པེ་ཅིན་ནས་སྤེལ་སྒོ་ཚུགས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན། ཀྲང་ཕིན།) ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། བརྗིད་ཉམས་ལྡན་པའི་རྒྱལ་གླུ་དང་འགྲོགས་ནས་བདེན་འཚོལ་དུས་དེབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་པེ་ཅིན་ན་གཞོན་ཆབ་སྲིད་སློབ་གླིང་དང་། དྲག་ཆས་ཉེན་རྟོག་པེ་ཅིན་སྤྱི་ཁབ་རུ་ཁག་གི་ཡན་ལག་རུ་ཁག་གཉིས་ཀྱིས་རོགས་སྒྲུབ་བྱས་པའི2018ལོའི་སྐབས་བཞི་བའི་རྫ་སྟོད་རྫོང་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས“དགའ་ཞེན་གསུམ” གྱི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཚུགས་པའི་མཛད་སྒོ་རྒྱལ་ས་པེ་ཅིན་གྱི་བདེན་འཚོལ་དུས་དེབ་ཁང་གི་ཚོམས་ཁང་དུ་གཟབ་རྒྱས་ངང་འཚོགས། 

སྐབས་བཞི་བའི“དགའ་ཞེན་གསུམ”གྱི་སློབ་གསོའི་ལག་ལེན་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ལིས་ཅེ་ཡིས་དུས་དེབ་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱི་ཚབ་བྱས་ནས་རྫ་སྟོད་རྫོང་གི་དགེ་སློབ་རྣམས་ལ་དགའ་བསུ་ཞུས། ཁོས་ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། དགེ་སློབ་རྣམས་ལ“དགའ་ཞེན་གསུམ”གྱི་བརྩེ་བ་ཉམས་སུ་མྱོང་ཐུབ་པ་བྱས་ནས་མི་ཚེ་དོན་སྙིང་ལྡན་པར་བྱ་རྒྱུ་དང་། མ་འོངས་པར་སློབ་གྲོགས་རྣམས་རྒྱལ་ནང་གི་སློབ་ཆེན་མིང་གྲགས་ཅན་དུ་འགྲིམ་པར་སྨོན་འདུན་ཞུས་པ་མ་ཟད། ནར་སོན་རྗེས་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུད་འཛིན་པ་དང་མི་རིགས་མཐུན་སྒྲིལ་དང་མི་རིགས་འཆམ་མཐུན་གྱི་རྐང་འཛིན་པ་བྱ་དགོས་ཞེས་རེ་བ་བཏོན། 

བདེན་འཚོལ་དུས་དེབ་ཁང་གིས1998ལོ་ནས་བཟུང་རྫ་སྟོད་རྫོང་ལ་རོགས་སྐྱོར་བྱེད་མགོ་ཚུགས་པ་ནས་བཟུང་། བདེན་འཚོལ་དུས་དེབ་ཁང་གི་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་རྫ་སྟོད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་་འཕེལ་རྒྱས་ལ་སྐུལ་འདེད་དང་། སློབ་གསོའི་ཆ་རྐྱེན་ལེགས་བསྒྱུར། སློབ་གསོའི་འདུ་ཤེས་བསྒྱུར་བཅོས་བཅས་བྱ་ཆེད་དུས་དང་རྣམ་པ་ཀུན་ཏུ་ནུས་ཤུགས་གང་ཡོད་བཏོན་པ་དང་བྱས་རྗེས་བླ་མེད་བཞག་ཡོད་པ་རེད། 2015ལོ་ནས་བཟུང་“དགའ་ཞེན་གསུམ” གྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་མགོ་ཚུགས་ཤིང་ད་རག་བར་ཕུལ་བྱུང་སློབ་མ180ལྷག་རྫ་སྟོད་ནས་ཟི་ལིང་དང་། ཟི་ལིང་ནས་པེ་ཅིན་དུ་ཡོང་སྟེ་མིག་རྒྱ་བསྐྱེད་པ་དང་ཤེས་བྱ་སྣ་མང་རྒྱུད་ལ་འབྱོར་ཐུབ་པ་བྱུང་བས་མ་འོངས་པར་ཕ་ཡུལ་རྫ་སྟོད་ཀྱི་རྣམ་པ་ལེགས་པར་བསྒྱུར་བར་ཆོད་སེམས་བརྟན་པོ་ཆགས། མིག་སྔར། བྱ་འགུལ་འདིས་ཕྱོགས་བསྡུས་ཕན་ནུས་ཉིན་རེ་ལས་ཉིན་རེ་མངོན་གསལ་དུ་འགྲོ་བཞིན་པ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཀྱང་སྔར་ལས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས་རང་ཞིང་གི་གནད་ཁེལ་དབུལ་སྐྱོར་དང་རིག་གནས་རོགས་སྐྱོར་ཐད་ཀྱི་ཆས་རྟགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་མཆིས།

མགོ་ཚུགས་མཛད་སྒོ་གྲོལ་རྗེས་དགེ་སློབ་རྣམས་བདེན་འཚོལ་དྲ་ཚིགས་དང་བདེན་འཚོལ་དུས་དེབ་ཁང་གི་ལོ་རྒྱུས་ཡིག་ཚགས་ཁང་། དཔེ་མཛོད་ཁང་། རྒྱལ་ཁབ་རྟེན་མཛོད་ཁང་བཅས་སུ་སློབ་སྦྱོང་དང་ལྟ་སྐོར་དུ་སོང་། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།