མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲན་ཏུང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲན་ཏུང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས། སྔ་དྲོ། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཅཱ་དབྱི་ཡིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གཏམ་བཤད། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་གུང་ཀྲིན་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས།

ལིག་དབྱི་ཡིས་ཧྲན་ཏུང་ཞིང་ཆེན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཧྲན་ཏུང་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱས་པར་བཀའ་དྲིན་ཞུས་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། མིག་སྔར། ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་གི་བྱ་བའི་ཐད་ནས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་ལ། སྔོན་གྲས་སུ་སྐྱོད་པའི་དམིགས་འབེན་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། མགྱོགས་མྱུར་སྒོས་སྒུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་པ། ཞིང་སྡེ་དར་སྤེལ་གྱི་ཧྲན་ཏུང་མ་དཔེ་གསར་སྐྲུན་བྱེད་པ། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། བཅོས་བསྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་སྐྱེད་པ། མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཧུར་ཐག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཆན་བཀོད་མཛུབ་སྟོན་དང་བླང་བྱ་གལ་ཆེན་ཧྲན་ཏུང་གི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་འགན་སྐོར་ཞིག་ཧྲན་ཏུང་ལ་སྤྲད་པ་དེ་ནི། ང་ཚོའི་གཟི་བརྗིད་ཡིན་ལ། ང་ཚོའི་འགན་བབ་ཀྱི་བྱ་བ་དང་ཕྲག་ཏུ་བབ་པའི་ཁུར་བོ་ཡང་ཡིན་པས། ང་ཚོས་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་གཉིས་བཟང་བོར་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པིའ་ཐད་ཀྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་བསྒྲུབ་དགོས། ཧྲན་ཏུང་གིས་སློབ་གསོ་དང་བདེ་ཐང་། རིག་གནས་གནས་སྐོར། སྐྱེ་ཁམས་དང་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ནས་མཚོ་སྔོན་ཞིང་ཆེན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་དང་བྱེད་ཐབས་རྒྱུན་མ་ཆད་པར་གསར་སྐྲུན་བྱེད་པ། ཚོགས་པ་རང་བཞིན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་མཚན་ཁ་གསབ་བྱེད་པ་མངོན་འགྱུར་བྱས་ཏེ། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཟེར།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཧྲན་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་གིས་ཧྲན་ཏུང་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་གཏན་ཁེལ་བྱས་པ་དེ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་གནང་བའི་ཐུགས་ཁུར་ཆེན་པོ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་གནང་བའི་ཐུགས་ཁུར་ཆེན་པོ་ཡིན། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། མཚོ་བྱང་ཁུལ་ཧྲན་ཏུང་གི་གྲོང་ཁྱེར་བཅོ་བརྒྱད་པར་བརྩིས་ཏེ། ཕྱོགས་ཡོངས་དང་ཁྱབ་ཁོངས་རྒྱ་ཆེ་ས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ་དང་། ཁ་གཏད་རོགས་སྐྱོར་ཁྲོད་ནས་བོད་ཁུལ་མང་ཚོགས་ཀྱི་ཐོབ་ཚོར་ཇེ་མཐོར་བཏང་། ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་རྒྱུ་དེ་རང་འགན་དུ་བརྩི་བ་དང་། མཚོ་སྔོན་ཕ་ཡུལ་དུ་བརྩིས་ཏེ། བོད་ཁུལ་ལ་རོགས་བྱས་ནས་དོན་དངོས་དང་དོན་བཟང་སྐོར་ཞིག་བསྒྲུབས་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཟེར།

སློབ་སྦྱོང་རྟོག་ཞིབ་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་ཅི་ནན་གྲོང་ཁྱེར་ཀྲང་ཆིག་ཆུའུ་སན་ཅན་ཞི་སྡེ་བ་དང་ལང་ཁྲའོ་སྡེ་ཚོགས་རྩིས་འཁོར་ཐོན་སྐྱེད་རྟེན་གཞི། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཅི་ནན་ལྟེ་གནས་བཅས་སུ་རྟོག་ཞིབ་བྱས།

ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ཧྥུའུ་ཀྲི་ཧྥང་དང་དབྱང་ཏུང་ཆི། ཝང་ཆིན་ཞན། ཡུས་ཞའོ་མེན། ཝང་ཧྲུའུ་ཅན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཡུས་པའོ། ཡུས་ཚོང་ལི། མཱ་ཝེ། ཉི་མ་སྒྲོལ་མ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།