(བརྙན)དེང་རབས་ཅན་དུ་བགྲོད་པའི་བོད་ཡིག་ཆ་འཕྲིན་ཐོག་མ།——-འཛམ་གླིང་ཆ་འཕྲིན་རིག་པའི་ཁྲོད་ན་གསོན་ཤུགས་ཀྱི་སྐྱེས་སྟོབས་འབར་བའི་བོད་ཡིག་འཚོལ་བཤེར་ཐོག་མ་ཡོངས་འཛིན་ལ་བཅར་འདྲིར་ཕྱིན་པ།

962141fb530b5baa2d1726153fd58433.jpg

དེང་རབས་ཅན་དུ་བགྲོད་པའི་བོད་ཡིག་ཆ་འཕྲིན་ཐོག་མ།

——-འཛམ་གླིང་ཆ་འཕྲིན་རིག་པའི་ཁྲོད་ན་གསོན་ཤུགས་ཀྱི་སྐྱེས་སྟོབས་འབར་བའི་བོད་ཡིག་འཚོལ་བཤེར་ཐོག་མ་ཡོངས་འཛིན་ལ་བཅར་འདྲིར་ཕྱིན་པ།

ཟླ8པའི་ཚེས8ཉིན།ངེད་ཀྲུང་གོ་བོད་ཀྱི་དྲ་བ་བོད་ཁུལ་དུ་བསྐྱོད་པའི་གསར་འགོད་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་འཛིན་ཆ་འཕྲིན་ལྟེ་གནས་སུ་འབྱོར་བའི་སྐལ་བ་ལྡན་པ་དང་། ཡུལ་དེར་འབྱོར་མ་ཐག་དེང་རབས་ཆ་འཕྲིན་གྱི་ཁྱད་ཆོས་ཡོངས་སུ་རྫོགས་པའི་བརྙན་བྱང་དང་རྩིས་འཁོར་མང་པོ་ཕྲེང་ལྟར་བསྒྲིགས་ཡོད་ལ། སྣེ་ཤན་བུ་མོ་ཞིག་གིས་སྐད་གཉིས་དག་མོའི་སྒོ་ནས་ཡོངས་འཛིན་འཚོལ་བཤེར་མ་ལག་མཚམས་སྦྱར་ཆ་ཚང་བྱས་ནའང་། ངོ་མཚར་བའི་དེང་རབས་རིག་གནས་འཕེལ་རྒྱས་གྱི་ལོ་རྒྱུས་ཁྲོད་དུ་ལྷམ་མེར། ལྷིང་ངེར། ལྷུན་ནེར་བརྗིད་པའི་རྡོ་རིང་ཆེན་མོ་དེའི་ཟིལ་ཤུགས་ཇི་བཞིན་རྟོགས་མ་ནུས་པས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་འགན་འཛིན་མི་སྣ་གཉིས་ལ་བཅར་འདྲི་མི་བྱེད་ཀ་མེད་བྱུང་།

f22e51fe24c44116f239cf0014ffbede.jpg

45a7ce3911b4cdfdd25d4f8c7cc47493.jpg

ཡོངས་འཛིན་འཚོལ་བཤེར་མ་ལག་ལ་སྲོལ་འབྱེད་དང་དེ་ལ་མི་ཚེ་གང་བོའི་ཟུངས་ཁྲག་ཕུལ་དང་འབུལ་མྱོང་བའི་འགན་འཛིན་པ་ཚེ་ལོ་ལག་གིས་ང་ཚོར་བཤད་རྒྱུར།  ཡོངས་འཛིན་འཚོལ་བཤེར་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ༢༠༡༣ལོ་ནས་ལས་གཞིའི་འགོ་བརྩམས་པ་དང་། སྤྱི་ལོ༢༠༡༦ལོའི་ཟླ༨པའི་ཚེས༢༢ཉིན་ནས་དངོས་སུ་ཤར་གཏོང་བྱས་ཤིང་། ད་ལྟར་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ལ། འཛམ་གླིང་སྒང་གི་བོད་ཡིག་འཚོལ་བཤེར་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད།

ཡོངས་འཛིན་འཚོལ་བཤེར་ལེགས་གྲུབ་བྱུང་བ་ཡིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་མི་ཉུང་བ་ཞིག་བསྐངས་ཡོད་པར་མ་ཟད། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཡིག་འདི་ཉིད་ཕུང་བོ་གཅིག་ཏུ་འགྱུར་བའི་འཛམ་བུ་གླིང་གི་ཆ་འཕྲིན་འཚོལ་བཤེར་གྱི་སྒང་ལ་གོམ་པ་དང་པོ་སྤོས་ཐུབ་པ་བྱུང་། ཕྱིས་སུ་ང་ཚོས་དྲ་གྲོགས་རྣམས་དང་ལྷན་དུ་ནུས་ཤུགས་ཅི་ལྕོགས་དང་ཕྱར་བ་གྲུ་འདེགས་སྒོས་ཐུན་མོང་གི་རིག་གནས་ཀྱི་སྟེགས་བུ་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་བོད་ཀྱི་གཙུག་ལག་རིག་གནས་མ་ལུས་གཞི་གཅིག་ཏུ་བསྡུ་ཞིང་བསྡོམས་པར་བྱེད་པ་དང་ཉེ་བར་འཇུག་བདེ་བའི་སྡིངས་ཆ་ཆེན་པོ་ཞིག་ཏུ་བསྒྱུར་ངེས་ཡིན་ཞེས་གསུང་།

ff376866d0b712bf56bce95ca6efd91c.jpg

གསར་དུ་བཞེངས་སྐྲུན་བྱེད་བཞིན་པའི་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་རྟེན་གཞི།

fb6077fa67d28ab0276f21b1d3bf347b.jpg

ཡོངས་འཛིན་འཚོལ་བཤེར་མ་ལག་གསར་འཛུགས་ལ་ཐོག་མཐའ་བར་གསུམ་དུ་ཕྱག་ལས་བླ་མེད་གནང་མྱོང་མཁན་གྱི་འགན་འཛིན་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར།  ཡོངས་འཛིན་ལ་ནང་དོན་གྱི་ཆ་ནས་གཙོ་བོ་གཤམ་གྱི་རྣམ་པ་བརྒྱད་ཚང་ཞིང་དེ་དག་ནི། དང་པོ། ཡོངས་འཛིན་གསར་འགྱུར།ཡོངས་འཛིན་གསར་འགྱུར་འཚོལ་བཤེར་ནི་སྲིད་དོན་དང་དཔལ་འབྱོར་སོགས་ལེ་ཚན་ཆེན་པོ་བཅུ་གསུམ་གྱིས་གྲུབ་ཅིང་། རྒྱལ་ནང་གི་བོད་ཡིག་དྲ་ཚུགས200ལྷག་གི་ཆ་འཕྲིན་བསྡུ་ཉར་དང་ལེགས་སྒྲིག་བྱས་ཏེ་བགྲང་ཡས་པའི་གསར་འགྱུར་ཆ་འཕྲིན་འདོན་སྤྲོད་བྱེད་པ་ཡིན།

གཉིས་པ། ཡོངས་འཛིན་དྲ་ངོས།  ཡོངས་འཛིན་དྲ་ངོས་འཚོལ་བཤེར་ནི་དྲ་ཚིགས་དང་གཙོ་ངོས་འཚོལ་བཤེར་དམིགས་སུ་བྱས་པའི་འཚོལ་བཤེར་སྟེགས་བུ་ཞིག་ཡིན་ཏེ། ཐ་སྙད་འཚོལ་བཤེར་བྱས་པར་བརྒྱུད་ནས་དྲ་ཚིགས་དང་གཙོ་ངོས་འཛིན་ཐུབ་ཅིང་། དྲ་ཐོག་ཟིན་བྲིས་དང་གླེང་སྟེགས་སོགས་ཀྱང་འཚོལ་བཤེར་ཐུབ།

གསུམ་པ།  ཡོངས་འཛིན་པར་རིས། ཡོངས་འཛིན་པར་རིས་འཚོལ་བཤེར་ནི་མི་སྣ་དང་མཛེས་ལྗོངས་སོགས་ལེ་ཚན་ཆེན་པོ་ལྔ་ཡིས་གྲུབ་ཅིང་། པར་རིས་རིགས་དགར་འཚོལ་བཤེར་དང་། མང་འཚོལ་མིང་བརྡའི་བསྡོམས་རྩིས། པར་རིས་ཆེད་བསྒྲིགས། མི་སྒེར་བསྟི་གནས་སོགས་ཀྱི་བྱེད་ནུས་སྣ་ཚོགས་མངོན་འགྱུར་བྱུང་ཡོད།

བཞི་པ།  ཡོངས་འཛིན་བརྙན་རིས།ཡོངས་འཛིན་བརྙན་རིས་འཚོལ་བཤེར་ནི་གསར་འགྱུར་དང་གཏམ་གླེང་སོགས་ལེ་ཚན་ཆེན་པོ་དྲུག་གིས་གྲུབ་ཡོད་པར་མ་ཟད། མདོ་དབུས་ཁམས་བཅས་ཡུལ་སྐད་ཆེན་མོ་གསུམ་ལྟར་རིགས་བཀར་ཡོད་ཅིང་། བརྙན་རིས་རིགས་དགར་འཚོལ་བཤེར་དང་འབྲེལ་ཡོད་བརྙན་རིས་མཐུད་སྦྲེལ་སོགས་ཀྱི་བྱེད་ནུས་ལྡན།

ལྔ་པ།  ཡོངས་འཛིན་གླུ་དབྱངས།

ཡོངས་འཛིན་གླུ་དབྱངས་འཚོལ་བཤེར་ནི་རྒྱལ་ཡོངས་ཀྱི་བོད་ཡིག་དྲ་ཚིགས་ལས་སྒྲ་ལྡན་ཆ་འཕྲིན་ཡོངས་གཞི་གཅིག་ཏུ་བསྡུས་ཏེ། དྲ་དམངས་རྣམས་ལ་དྲ་ཐོག་གླུ་གཞས་ཉན་པ་དང་བསྡུ་ཉར་བྱེད་པ། དེ་མིན་ཕབ་ལེན་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་ཡིན།

དྲུག་པ། ཡོངས་འཛིན་རིག་མཛོད།  ཡོངས་འཛིན་རིག་མཛོད་ནི་ནང་དོན་ཕུན་སུམ་ཚོགས་ཤིང་བོད་ཡིག་དྲ་དམངས་ཀྱིས་ཅི་དགར་སྤྱོད་ཐུབ་པའི་ཤེས་བྱའི་རང་བཞིན་གྱི་གྲངས་མཛོད་ཆེན་མོ་ཞིག་ཡིན་ཏེ། རིག་པའི་ཁྱབ་ཁོངས་ཡོངས་སུ་མ་འདུས་པ་མེད་པའི་ཆ་འཕྲིན་གྱི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་དམིགས་རྟེན་དུ་བཟུང་ནས། བོད་ཀྱི་ལྔ་ཟུང་རིག་གནས་གཙོར་བྱས་ཐོག འཛམ་གླིང་ཡོངས་ཀྱི་མི་རིགས་དང་ཡུལ་གྲུ་གཞན་གྱི་སྣ་ཚོགས་རིག་གནས་སྡུད་སྒྲིག་བྱེད་ཀྱིན་ཡོད། དེ་རུ་བོད་ཡིག་དྲ་དམངས་རྣམས་ཀྱིས་ཡོངས་འཛིན་རིག་མཛོད་རྩོམ་སྒྲིག་པ་རྣམས་ཀྱིས་འདོན་སྤྲོད་བྱས་པའི་ཤེས་བྱ་ཕུན་སུམ་ཚོགས་པོར་རོལ་མྱོང་ཐུབ་པའི་མཚུངས་སུ། རང་ཉིད་ཀྱང་རིག་མཛོད་བརྡ་འགྲེལ་རྩོམ་སྒྲིག་གི་ལས་ཀ་དངོས་སུ་ཞུགས་ནས་སོ་སོའི་སྦྱངས་ཐོབ་ཀྱི་རིག་པའི་ནོར་གྱི་དཔྱ་དེ་གཞན་ལ་མཁོ་སྤྲོད་བྱེད་པ་ཞིག་ཡིན་པས། མདོར་དྲིལ་ན་ཡོངས་འཛིན་རིག་མཛོད་ནི་ཤེས་བྱ་ཀུན་འདུས་ཀྱི་རིག་པའི་བང་མཛོད་ཅིག་དང་རིག་གནས་བརྗེ་རེས་ཀྱི་སྟེགས་བུ་ཞིག་ཡིན།

བདུན་པ། ཡོངས་འཛིན་ཡིག་ཚང་། ཡོངས་འཛིན་ཡིག་ཚང་ནི་དྲ་དམངས་རྣམས་ཀྱིས་བོད་ཡིག་གི་ཡིག་ཚགས་རིགས་སྣ་ཚོགས་མཉམ་སྤྱོད་ཀྱི་སྟེགས་བུ་ཞིག་དང་དྲ་དམངས་རྣམས་ཀྱིས་ཆ་འཕྲིན་བསྡུ་ཉར་གྱི་བར་སྟོང་ཞིག་སྟེ། ལོ་རྒྱུས་དང་སློབ་གསོ། རིག་གནས། PPTརིགས། དཔྱད་རྩོམ་བཅས་ལེ་ཚན་ཆེན་པོ་ལྔ་ཡིས་གྲུབ་ཅིང་། ཡོངས་འཛིན་ཡིག་ཚང་གི་ཡིག་ཚགས་དེ་དག་ནི་ཡོངས་འཛིན་སྤྱོད་མཁན་གྱིས་ཡར་སྤྲོད་བྱེད་དགོས་ལ། ཡར་སྤྲད་རྗེས་ཆ་བསགས་ངེས་ཅན་ཞིག་ཐོབ་ཐུབ་པར་མ་ཟད། ཡིག་ཚགས་རྒྱུ་ཆ་སྣ་ཚོགས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ་པས། དྲ་དམངས་རྣམས་ཀྱིས་བོད་ཡིག་གི་ཕུན་སུམ་ཚོགས་པོའི་དྲ་རྒྱའི་ཆ་འཕྲིན་གྱི་ཐོན་ཁུངས་བེད་སྤྱོད་གནད་སྨིན་པ་ཞིག་བྱེད་ཐུབ།བརྒྱད་པ།

བརྒྱད་པ། ཡོངས་འཛིན་དྲིས་ལན།  ཡོངས་འཛིན་དྲིས་ལན་ནི་དྲ་དམངས་རྣམས་ལ་དྲི་བ་འདོན་པ་དང་ལན་ལྡོན་པའི་ཚུལ་གྱིས་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཡིན་ཏེ། ཚན་རིག་དང་རིག་གནས། སྲིད་ཇུས། བདེ་སྲུང་སོགས་ལེན་ཚན་ཆེན་པོ་རིགས་བཅུ་གཅིག་ཏུ་བཀར་ཡོད་ཅིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བོད་ཡིག་དྲ་དམངས་རྣམས་ཀྱིས་སྟེགས་བུ་དེ་བརྒྱུད་ནས་ནམ་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་དྲི་བའི་ཚུལ་གྱིས་བཀོད་ནས་གཞན་ལ་བསལ་དུ་འཇུག་པ་དང་། དེ་བཞིན་གཞན་གྱི་གནད་དོན་བསལ་རོགས་བྱེད་པའི་སྟེགས་བུ་ཞིག་ཡིན་པས། དྲ་དམངས་རྣམས་ནི་ཡོངས་འཛིན་དྲིས་ལན་གྱི་སྤྱོད་པ་པོ་ཡིན་པར་མ་ཟད། ཡོངས་འཛིན་དྲིས་ལན་གྱི་སྐྲུན་པ་པོའང་ཡིན་ཞེས་བཤད།

9c822fe90d74ce966fb871f4d81bd476.jpg

རེད་ཡ།  དེང་རབས་ཅན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་དྲ་བའི་བདེ་འཇགས་ལ་བརྟེན་དགོས་ཤིང་མི་རིགས་གང་རྒྱལ་ཁབ་གང་ཞིག་དེང་རབས་ཅན་དུ་བསྐྱོད་པར་ཅིས་ཀྱང་ཆ་འཕྲིན་ལ་བརྟེན་དགོས་གསུང་བ་བཞིན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཡོད་ཚད་དེང་རབས་ཅན་དང་ཆ་འཕྲིན་ཅན་དུ་བསྒྱུར་བར་ཡོངས་འཛིན་ལྟ་བུའི་ཕྲིན་ལས་རྣམ་པར་རྒྱལ་བ་ཡིན་ན་ད་གཟོད་ཀྲུང་གོའི་རིག་གནས་ཀྱི་དགའ་ཚལ་མཚར་དུ་སྡུག་པར་གདོན་མི་ཟའོ།།

གསར་འགོད་པ། རམས་ཚེ་བྷོ།ཚེ་རིང་རྒྱ་མཚོ།ཚེ་མཁར་རྒྱལ།བསམ་ནོར།

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།