2018ལོའི་རྐང་ཐང་ཀྲུང་གོ·མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་གྲོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8ཚེས་5ཉིན། ཀྲུང་གོ་རི་འཛེག་མཐུན་ཚོགས་དང་། ཀྲུང་གོ་རྒན་རྒོན་ལུས་རྩལ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2018ལོའི་རྐང་ཐང་ཀྲུང་གོ·མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་གྲོལ་བ་རེད།

མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་ནི་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་2012ལོ་ནས་བཟུང་ཁྱབ་གདལ་ཤུགས་ཆེན་བཏང་བའི་སྤུས་རྟགས་ཕྱི་རོལ་བྱེད་སྒོ་ཞིག་ཡིན་ཞིང་། བྱེད་སྒོ་ཧྲིལ་པོའི་དུས་འཁོར་ལོ་གསུམ་ཡིན་པ་དང་། ལོ་ལྟར་ཉིན་བཞིར་བགོས་ནས་རྐང་ཐང་མར་སྤྱི་ལེ་120སྐྱོད་དགོས་པ་དང་ཉིན་རེར་ཆ་སྙོམས་སྤྱི་ལེ་30སྐྱོད་དགོས་ཀྱི་ཡོད་ཅིང་། ལོ་གསུམ་པར་མཚོ་སྔོན་པོར་སྐོར་བ་ཐེངས་གཅིག་འཁོར་ལ་ཁྱོན་སྤྱི་ལེ་360ཟིན་གྱི་ཡོད། རུ་མི་གཅིག་གིས་ལོ་གསུམ་བསྟུད་མར་ཞུགས་ནས་འགྲན་བསྡུར་ལེགས་སྒྲུབ་བྱས་ན་གཞི་ནས་འགྲན་བསྡུར“ཐོན་པ”བརྩི་བ་དང་། “འགྲན་བསྡུར་ཐོན་པའི་ལག་ཁྱེར”དང“འགྲན་བསྡུར་ཐོན་པའི་གཟེངས་རྟགས”སྤྲོད་པ། “འགྲན་བསྡུར་ཐོན་པའི་བྱ་དགའ་ཆེན་པོ”འཐེན་པའི་ཐོབ་ཐང་རག་གི་ཡོད།

འདི་ལོ་ནི་འགྲན་བསྡུར་སྤེལ་ཐེངས་བདུན་པ་ཡིན་ཞིང་། དེ་གོང་གི་ལོ་དྲུག་ནང་རྐང་ཐང་འདུ་ཚོགས་འཚོགས་ནས་མཚོ་སྔོན་པོ་ཐེངས་གཉིས་བསྐོར་བ་དང་2018ལོ་ནི་སྐོར་ཐེངས་གསར་པ་འགོ་ཚུགས་པའི་ལོ་ཞིག་རེད།

2018ལོའི་འགྲན་བསྡུར་འགོ་འཛུགས་ས་གླང་ཆེན་མཆེ་བ་ཆུང་ངུ་ཡིན་པ་དང་མཇུག་འགྲིལ་ས་ནི་དཀར་ལ་དགོན་རེད། ཁྱོན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་26ནས་ཡོང་བའི་ལུས་རྩལ་པ་1000ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད།

རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་ནི་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་གཙོ་གནད་དུ་བཟུང་ནས་སྤེལ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་ཕྱི་རོལ་བྱེད་སྒོ་ཆེ་གྲས་ཤིག་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཕྱི་རོལ་ལུས་རྩལ་ཁྱབ་གདལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་ཆེད་རེད། རྐང་ཐང་ཀྲུང་གོ་ཞེས་པ་ནི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་རྨང་གཞིར་བྱེད་པ་དང་། བདེ་ཐང་གི་ཕྱི་རོལ་ལུས་རྩལ་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་ཀྱི་སྤུས་རྟགས་བྱེད་སྒོ་ཞིག་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།