ཧྲང་ཧེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱིན་ཡུང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། ཞི་ཅིན་ཕིང་གི་དབུལ་སྐྱོར་བསམ་བློ་དང་ཤར་ནུབ་རྒྱུད་དབུལ་སྐྱོར་མཐུན་སྦྱོར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་སོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།

འཐུས་ཚབ་ཚོགས་པས་ཧྲང་ཧེ་གྲོང་ཁྱེར་གྱིས་རོགས་སྒྲུབ་བྱས་ཏེ་བཙུགས་པའི་ཟི་ལིང་མགོ་ལོག་སློབ་འབྲིང་དང་། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ མགོ་ལོག་ཁུལ་མི་དམངས་སྨན་ཁང་སོགས་ཀྱི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་རྣམས་ལ་འཚམས་འདྲི་བྱས་ཏེ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྙན་ཞུར་ཉན།

དབྱིན་ཡུང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་མི་དམངས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཧྲང་ཧེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་མ་ཟད། ཧྲང་ཧེ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་གཟིགས་སྐྱོང་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། བོད་ཁུལ་གྱི་ཞིང་ཆེན་བཞི་ལ་ཁ་གཏད་རོགས་སྐྱོར་སྤེལ་བའི་ལས་དོན་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་གིས་མཚོ་སྔོན་གྱི་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་སྤེལ་རྒྱུའི་འོས་འགན་ཧྲང་ཧེ་གྲོང་ཁྱེར་ལ་སྤྲད་ཡོད་ལ། དེས་ཧྲང་ཧེ་གྲོང་ཁྱེར་ལ་ཡིད་ཆེས་བཅངས་པ་མངོན་པར་མཚོན་པས། ཧྲང་ཧེ་གྲོང་ཁྱེར་གྱིས་ཀྱང་ཕྱི་བཤོལ་ཅི་ཡང་མེད་པའི་སྒོ་ནས་ཀྲུང་དབྱང་གིས་བསྩལ་བའི་འོས་འགན་ཡོངས་འགྲུབ་བྱེད་རྒྱུ་ཡིན། མིག་སྔར། མགོ་ལོག་ནི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་འབད་བཞིན་པའི་གནད་འགག་གི་དུས་རིམ་ཞིག་ཏུ་སླེབས་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དབུལ་སྐྱོར་བསམ་བློ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་ལས་དོན་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་གྲོས་ཚོགས་ཀཐོུགདགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ལ་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་། དབུལ་ཐར་སྤུས་ཚད་ཇེ་མཐོར་གཏོང་བ། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་བཟང་བོར་བསྒྲུབ་དགོས་པ་བཅས་ཀྱི་བླང་བྱ་ལྟར་དུ། ས་གནས་ཏང་ཨུ་དང་སྲིད་གཞུང་གི་གཅིག་བསྡུས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཧྲང་ཧེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གནད་ཕིགས་ཀྱི་ཚད་དང་མངོན་གསལ་གྱི་ཚད་ཇེ་མཐོར་བཏང་སྟེ། མགོ་ལོག་གི་ཁྱད་ཆོས་དང་འཚམ་ཞིང་ཧྲང་ཧེ་ཡི་ཁྱད་ཆོས་ལྡན་པའི་རོགས་སྐྱོར་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པར་འབད་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་དང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་ལོར། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་མཚོ་སྔོན་ཁ་གཏད་རོགས་སྐྱོར་འཐབ་ཇུས་དངོས་འབེབས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལས་གཞི་ལྔ་བརྒྱ་ཉེར་གཅིག་ལ་སླེབས་ཡོད་ཅིང་། མ་དངུལ་བཏང་ཚད་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་ལ་སླེབས་པས། དེས་མགོ་ལོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། ཧྲང་ཧེ་གྲོང་ཁྱེར་གྱི་རོགས་སྐྱོར་ལས་དོན་ལ་ཁྱད་ཆོས་གཙོ་བོ་བཞི་ལྡན་ལ། གཅིག་ནི་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་པ། གཉིས་ནས་ལས་བྱེད་པས་སྡུག་རུས་བྱས་པ། གསུམ་ནས་བློ་གཅིག་སེམས་གཅིག་ཡིན་པ། བཞི་ནས་རྨང་རྐང་བརྟན་པོ་ཡིན་པ་བཅས་ཀྱི་ཁྱད་ཆོས་ཚང་བར་བརྟེན། ཧྲང་ཧེ་གྲོང་ཁྱེར་གྱི་མཚོ་སྔོན་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོབ་ཡོད་ཟེར།

ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞུའུ་ཁུན་ལིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།