མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ཡུས་ཧྲུའུ་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཡུས་ཧྲུའུ་ནས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཡུང་ཧྥུའུ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིག་ཡུང་ཧྥུའུ་ཡིས་གཏམ་བཤད་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ནི་དབུལ་ཕོངས་ནང་གི་དབུལ་ཕོངས་དང་། དཀའ་ཁག་ཁྲོད་ཀྱི་དཀའ་ཁག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དབུལ་ཐར་མཁྲེགས་གཏོར་གྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཐར་བྱེད་པ་དང་། མཚོ་སྔོན་གྱིས་དབུལ་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱེད་དགོས་ཏེ། གཅིག་ནས་ལོ་གསུམ་གྱི་མཁྲེགས་གཏོར་བྱ་བའི་ཐད་ཀྱི་རྒྱལ་ཁ་ལེན་ན། སྡེ་ཁག་སོ་སོ་དང་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་སོ་སོ། མཚོ་སྔོན་ཞིང་ཆེན་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་ཐད་ནས་རྒྱལ་ཁ་ལེན་པའི་སྐོར་གྱི་མཛུབ་སྟོན་གྲོས་གཞི་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་བ་རེ་རེ་བཞིན་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་སྤེལ་ནས། དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཆེར་སྐྱེད་དགོས། གཉིས་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལག་བསྟར་ཇུས་གཞི་དོན་འཁྱོལ་ནན་མོ་བྱེད་པ་དང་། ལོ་ཧྲིལ་བོའི་མཁྲེགས་གཏོར་ལས་འགན་ཇེ་ཞིབ་ཏུ་གཏོང་བ། སྡེ་བ་དང་ཁྱིམ་ཚང་། མིའི་སྟེང་དངོས་འབེབས་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ནས། བྱ་བ་རིམ་པ་བཞིན་དམ་འཛིན་བྱས་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། སྐུལ་སྤེལ་གྲོས་ཚོགས་སྟེགས་བུ་རུ་བྱས་ཏེ། རྒྱུན་མ་ཆད་པར་ལག་བསྟར་ཇུས་གཞི་ལག་བསྟར་ནན་མོ་བྱེད་དགོས། གསུམ་ནས་མཚོ་སྔོན་གྱི་ཁྱད་ཆོས་འབུར་ཐོན་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་སྐྱོར་གསར་སྤེལ་གཉིས་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་རྒྱུན་མཐུད་ངང་སྤེལ་བར་སྣེ་ཁྲིད་བྱེད་དགོས། བཞི་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་པ་དང་། དབུལ་ཐར་ལ་དམིགས་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ། དབུལ་ཐར་གྱི་དགོས་མཁོ་དངོས་ལ་ཁ་གཏད་དེ་རོགས་སྐྱོར་བྱེད་པ། དབུལ་ཐར་ལ་དོ་སྣང་དང་གནད་ཕིགས་འབུར་ཐོན་བྱེད་པ། རོགས་སྐྱོར་མ་དངུལ་ལ་དོ་དམ་ནན་མོ་དང་བཀོལ་སྤྱོད་བཟང་བོ་བྱས་ནས། ཐོན་ལས་མཉམ་ལས་དང་ལས་བྱེད་པ་བར་གྱི་བརྗེ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ལྔ་ནས་ཀྲུང་དབྱང་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། མ་ཚོ་སྔོན་གྱིས་ཉམས་ཞན་ས་དང་འབུར་དུ་ཐོན་པའི་ཞན་ཆར་ཁ་གཏད་དེ། ཀྲུང་དབྱང་ལས་ཁུངས་ཀྱི་ལས་རིགས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པར་བརྩོན་ལེན་བྱེད་དགོས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ལས་ཁུངས་ཀྱིས་སྔོན་དུ་མཚོ་སྔོན་ནས་དཔེ་སྟོན་ལས་རིགས་ཀྱི་དབུལ་སྐྱོར་སྲིད་ཇུས་ཚོད་ལྟ་བྱེད་ཆོག་པ་དང་། དེ་དང་མཉམ་དུ་དབུལ་སྐྱོར་རྫོང་གི་དབུལ་སྐྱོར་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་མཛུབ་སྟོན་དང་ལྟ་སྐུལ་ལ་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་ཐད་ནས་ཞིབ་བཤེར་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། དྲུག་ནས་དུས་ལྟར་ཉམས་མྱོང་སྤྱི་སྡོམ་དང་དཔེ་མཚོན་ཁྱབ་གདལ་བྱེད་པ་དང་། བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་གྱི་ཐོན་ལས་དབུལ་སྐྱོར་དང་སྐྱེ་ཁམས་དབུལ་སྐྱོར། ལས་བྱེད་པའི་གསོ་སྦྱོང་། ཀུན་སྤྱོད་འཛུགས་སྐྲུན། ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་པ་སོགས་ཕྱོགས་ཀྱི་ཉམས་མྱོང་བཟང་བོ་དང་དཔེ་མཚོན་དཔེ་གཞི་སྤྱི་སྡོམ་དང་ཁྱབ་གདལ་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་དང་གཟེངས་བསྟོད་བྱས་ཏེ། སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

ཝང་ཅན་ཅོན་གྱིས་འགོ་འཛིན་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ལས་ཁུངས་བཅས་ལ་བཀའ་དྲིན་ཞུས། ཁོས་བསྟན་དོན། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་ན། མི་དམངས་ཀྱི་ལངས་ཕྱོགས་སྟེང་འགྲེང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་འདྲ་བར་མང་ཚོས་སེམས་སྟེང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་དགོས་པ་དང་། དེ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ནམ་ཡང་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན། རྩོད་སྒྲུབ་ལྟ་ཚུལ་དང་ཚད་མཐའ་བསམ་བློའི་ལྟ་ཚུལ་འཛུགས་དགོས་པ་དང་། དེ་ནི་དབུལ་ཐར་མཁྲེགས་གཏོར་ཐད་ནས་དམ་འཛིན་བྱེད་དགོས་པའི་ཆེས་གལ་ཆེ་བའི་ལྟ་ཚུལ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། གནད་ཕིགས་གཙོར་འཛིན་པ་དང་། དེ་ནི་དབུལ་ཐར་མཁྲེགས་གཏོར་གྱི་བྱེད་ཐབས་གཙོ་བོ་ཡིན། མང་ཚོགས་ཀྱི་རེ་སྒུག་ལ་གཞིགས་ནས་ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་དགོས་པ་དང་། ལས་བྱེད་པའི་སྤྱོད་ཚུལ་བཟང་ན། མང་ཚོགས་ཀྱིས་སྡུག་སྐད་འདོན་ཚད་ཉུང་བས། དབུལ་ཐར་མཁྲེགས་གཏོར་བྱེད་ན་ངེས་པར་དུ་སྤྱོད་ཚུལ་མཁྲེགས་གཏོར་སྔོན་དུ་སྐྱོད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།

ཀྲེ་ཅང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་ཅི་ཞི་དང་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཅིན་ཞང་ཅུན། ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སུང་ཅི་ཡེ། རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་གའོ་སོང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚོང་ལི། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། སློབ་གསོ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་འབྲེལ་ཡོད་སི་དང་ཅུའུ་ཡི་འགན་ཁུར་བློ་མཐུན། ཀྲུང་གོ་དབུལ་སྐྱོར་རོགས་འདེགས་ཞབས་ཞུའི་སྐུལ་སྤེལ་ཚོགས་པ། ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་ཟི་ལིང་དུ་སྡོད་པའི་དོན་སྒྲུབ་ཁང་གྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས། །
 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།