ཆི་ལེན་ནི“སྐྱེ་ཁམས་ལེགས་པ”ནས“སྐྱེ་ཁམས+”ལ་བསྒྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཆི་ལེན་གྱི་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་།“བཞི་ཅན་ལྔའི་འཐབ་ཇུས”ནི་འཛིན་ལུང་བྱས་པ་དང་། སྐྱེ་ཁམས་ཀྱིས་རྨང་གཞི་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་བསྐྲུན་པ་རྒྱུན་འཁྱོངས་བྱས། “སྐྱེ་ཁམས་ཀྱིས་དམངས་ལ་གཟིགས་སྐྱོང་དང་། སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ། སྐྱེ་ཁམས་དམངས་ཀྱི་ཆེད་དུ་ཡིན་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། “སྐྱེ་ཁམས+ཕྱུགས་ལས”དང“སྐྱེ་ཁམས+ཡུལ་སྐོར་ལས་རིགས”དང“སྐྱེ་ཁམས +གནད་ཁེལ་དབུལ་སྐྱོར”ཞེས་པའི“སྐྱེ་ཁམས +”ཀྱི་དཔེ་དབྱིབས་རྣམ་པ་བརྒྱུད་དེ་འཕེལ་རྒྱས་ཀྱི་གནས་སྟངས་ཆེན་མོ་བསྐྲུན་ཅིང་། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མངོན་འགྱུར་བྱེད་པ་གཅིག་གྱུར་དམ་པོ་བྱས་ནས།2017ལོར་རྫོང་ཡོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་སྒོར13460ལ་སླེབས།

སྐྱེ་ཁམས +ཕྱུགས་ལས་ཟུང་འབྲེལ་བྱས་ཏེ། ཕྱུགས་ལས་ཐོན་ལས་ཀྱི“རིམ་འཕར་མྱུར་ཚད”མངོན་འགྱུར་བྱུང་། ཕྱུགས་ལས་ཀྱི་འདོན་སྤྲོད་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དེ་གཙོ་བོར་བཟུང་ནས། ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཤེས་ལྡན་ཕྱུགས་ལས་ལག་བསྟར་བྱེད་མགོ་བརྩམས་ཤིང་། མཉམ་ལས་ཁང165བཙུགས། ཁྱིམ་ཚང་ཕྱུགས་ར53ཐོ་འགོད་བྱས་ཡོད། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས2དང་། ཁུལ་རིམ་པའི་ཁེ་ལས5འཛུགས་སྐྱོང་བྱས་པ་དང་། ཆི་ལེན་རྫོང་གི་སྐྱེ་ལྡན་ནོར་གནག་དང་། འབྲོག་ལུག་གི་མུ་འབྲེལ་ཐོན་རྫས་རིགས44གསར་སྤེལ་དང་དཔང་བདེན་ར་སྤྲོད་བྱས་ཏེ། “རྫས་གསུམ་ཚད་གཅིག”གི་ཞིང་ཕྱུགས་ཐོན་རྫས་ཀྱི་དཔང་བདེན་ར་སྤྲོད17བླངས་པ་དང་། རྒྱལ་ཁབ་ཀྱི་ལྗང་མདོག་ཟས་རིགས་མཚོན་རྟགས་ཀྱི་དཔང་བདེན་ར་སྤྲོད་ཐོབ་པའི་ཐོན་རྫས12ཡོད།

སྐྱེ་ཁམས+ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་ཐོན་ལས“བདེ་བླག་ངང་སྤེལ་ཐུབ་པ”མངོན་འགྱུར་བྱུང་། “མུ་ཁྱུད་གཅིག་དང་ལམ་ཐིག་གསུམ་བར་ཁྱམས་གསུམ་དུམ་ལེབ་གསུམ”གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཚོད་ལྟའི་ས་ཁུལ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་བཙུན་མོ་དམར་ཡག་མའི་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་གྱི་ཞིག་གསོ་འཆར་གཞི་ཞིབ་ཕྲར་ཞིང་ཆེན་རིམ་པའི་ཞིབ་དཔྱད་ཐོབ། མ་དངུལ་སྒོར་ཁྲི793བཏང་བའི་ཡོང་སྒོ་ལྡན་པའི་རི་སྐྱེས་སྲོག་ཆགས་གླ་བ་དང་། ཤ་བ་དམར་ལེབ་འདུལ་གསོ་རྒྱུད་སྤེལ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་།སྐྱེ་ཁམས་ཡུལ་སྐོར་དང་། མེ་ཏོག སྡོང་ཕྲུག་སོགས་ནགས་ཚལ་ཐོན་ལས་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་སྟེ། རོང་འབྲོག་པའི་ལྗང་མདོག་ཡོང་སྒོ་འཕར་སྣོན་བྱུང་། ཆི་ལེན་རི་བོའི་རྩྭ་ཐང་གི་ཐུན་མོང་མ་ཡིན་པའི་ས་བབ་དགེ་མཚན་དང་། ཡུལ་སྐོར་ཐོན་ཁུངས། ཕུན་སུམ་ཚོགས་པའི་མི་ཆོས་མཛེས་ལྗོངས་ཐོན་ཁུངས་དང་ཁྱད་མཚར་བའི་རང་བྱུང་གི་ཆོས་ཉིད་ལ་གཞི་བཅོལ་བ་དང་། བཙུན་མོ་གཞོང་དང་། བཙུན་མོ་དམར་ཡག་མ། རི་བོ་ཐེན་ཆའོ། སྟོང་སོ་ཆེ་བ། མཁར་དམར་སོགས་ཀྱི་ལྗོངས་ཁུལ་གསར་སྤེལ་བྱེད་པ་ཟུང་དུ་སྦྲེལ་ཏེ། གྲོང་གསེབ་ཡུལ་སྐོར་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་། 2017ལོར་ཡུལ་སྐོར་མགྲོན་པོ་སྣེ་ལེན་བྱས་ཚད་ཐེངས་དང་པོར་མི་ཐེངས་ཁྲི200ལས་བརྒལ་ཞིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར7.3དང་། མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་སྒོར364ལ་སླེབས།

སྐྱེ་ཁམས +གནད་ཁེལ་དབུལ་སྐྱོར་ཟུང་འབྲེལ་བྱས་ཏེ། དམངས་འཚོའི་བདེ་སྐྱིད་དོ་མཉམ་ལོངས་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་། མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་པའི་ཆེད། ཆི་ལེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བསྒྱུར་དང་སྐྱེ་ཁམས་བཅོས་སྐྱོང་གཉིས་ཀ་གལ་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། བསམ་གཞིག་གསར་གཏོད་དང་ཚན་རིག་དང་མཐུན་པར་ཇུས་ཆོད་འགོད་པ། སྤོབས་པ་ཆེན་པོས་ལག་ལེན་བྱེད་པ་བཅས་ཀྱིས། སྐྱེ་ཁམས་བཅོས་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་གཉིས་རྒྱལ་མངོན་འགྱུར་བྱུང་། ཉེ་བའི་ལོ་འགའི་རིང་ལ། གནད་ཁེལ་དབུལ་སྐྱོར་གྱི་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་རྩྭ་ཐང་དང་ནགས་ལས་ལྟ་སྐྱོང་པ་བསྡོམས་པས་མི1207དང་། ཁྱིམ་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི1.74 ལ་འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།