མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གསུམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཡོངས་སུ་སྒྲིག་འཛུགས་བྱས་ཚར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གསར་འགོད་པའི་ཁྱབ་སྒྲོག་ཚོགས་འདུ་བསྡུས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་བསོད་ནམས་བསྟན་འཛིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལྟ་ཞིབ་སྒྲིག་གཞི་ལ་བཅོས་བསྒྱུར་བྱས་པའི་གནས་ཚུལ་གྱི་བརྡ་ཁྱབ་སྤེལ།

ད་ལོའི་ཟླ2པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁྱེར་ཆུས་བཅས་ཀྱི་རིམ་པ་གསུམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཡོངས་སུ་སྒྲིག་འཛུགས་བྱས་ཚར་བ་དང་། ཀྲུང་དབྱང་གི་དུས་བཅད་ལས་ཟླ་ཕྱེད་ཀྱི་སྔོན་ལ་སྒོ་བྱང་བཀལ་ཏེ་ལས་སྒྲུབ་བྱས། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི“འཆར་གཞི”བཅོས་བསྒྱུར་ལ་གཟབ་ནན་དང་ཞིབ་ཚགས་ཀྱིས་ལག་བསྟར་བྱས། གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་དང་གྲོང་ཁྱེར་ཆུས་བཅས་ཀྱི་ཏང་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་རྒྱ་ཆེའི་ལས་བྱེད་མི་སྣ་དང་།བརྒྱུད་ནས་གཏོགས་པའི་ལས་བྱེད་མི་སྣ་བཅས་ཀྱིས་སེམས་ཤུགས་ཆེན་པོས་སྒྲིག་འཛུགས་ཀྱི་ནང་དུ་ཞུགས་པ་དང་། འགན་ཁུར་གཙང་སྒྲུབ་བྱས། ཞིང་ཆེན་ནང་ཁུལ་གྱི་ལས་རིགས་སོ་སོས་མཐའ་གཅིག་ཏུ་ཁས་ལེན་དང་རྒྱབ་སྐྱོར་ཆེན་མོ་བྱས། རང་ཞིང་གི་ལྟ་ཞིབ་སྒྲིག་གཞི་ལ་བཅོས་བསྒྱུར་བྱས་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ།

མཚོ་སྔོན་གྱིས་ཞིང་ཆེན་ནང་ཁུལ་ཡོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐོན་ཁུངས་ཀྱི་ནུས་ཤུགས་ཧྲེག་སྡེབ་བྱས་པ་དང་། སྲིད་འཛིན་ལྟ་ཞིབ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་གཉིས་ཀྱིས་ཧམ་ཟ་དང་ལྐོག་རྔན་སྟེར་བར་ངོ་རྒོལ་དང་། འགན་འཛོལ་དང་དབང་ཆར་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། གོ་གནས་ཀྱི་ནག་ཉེས་སྔོན་འགོག་བྱེད་པ་བཅས་ཀྱི་ལས་ཁུངས་མེད་པར་བཟོས་པ་དང་། འབྲེལ་ཡོད་ལས་ཁུངས་དང་། འགན་ནུས། མི་སྣ་བཅས་བརྒྱུད་ནས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་བསྒྱུར།ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ལས་ཁུངས་མཉམ་རུབ་ཀྱིས་གཞུང་དོན་བསྒྲུབས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགན་ཁུར། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནི་རིམ་པ་དེའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བདམས་ཐོན་བྱུང་སྟེ་བསྐོ་འཇོག་དང་།ཀྲུའུ་རེན་གཞོན་པ་དང་། ཨུ་ཡོན་ནི་ཀྲུའུ་རེན་གྱིས་རིམ་པ་དེའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུའི་གྲོས་ཚོགས་ལ་རེ་འདུན་ཞུས་ཏེ་བསྐོ་འཇོག་བྱས། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཟླ2པའི་ཚེས8ཉིན་སྒོ་བྱང་བཀལ་ཏེ་བཙུགས། ཟླ2པའི་ཚེས13ཉིན་བར། ཁྲིམས་ལྟར་གྲོང་ཁྱེར་དང་ཁུལ8དང་། རྫོང་དང་གྲོང་ཁྱེར་ཆུས43གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཡོངས་སུ་བཙུགས་པ་རེད། བརྒྱུད་བཤུས་དང་སྒྲིག་འཛུགས་ཀྱི་གོ་རིམ་ཡོད་ཚད་བསམ་བློ་གཅིག་གྱུར་ཡིན་པ། རུ་ཁག་ཁ་ཐོར་མིན་པ།བྱ་བ་རྒྱུན་ཆད་མེད་པ་མངོན་འགྱུར་བྱས། བརྒྱུད་ནས་གཏོགས་པ་དང་ལས་ཁུངས་གསར་པ་བཙུགས་རྗེས། རིམ་པ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ནུས་ལས་ཁུངས་ཀྱི་མི་སྣ་བཀོད་སྒྲིག་སྔར་ལས་ལུགས་མཐུན་དང་། མགོ་ཁྲིད་ལས་བྱེད་པའི་བྱ་བའི་བརྩོན་སེམས་མངོན་སུམ་གྱིས་ཇེ་ཆེར་སོང་ཡོད།

བཅོས་བསྒྱུར་བྱས་རྗེས་ཞིང་ཆེན་ཡོངས་ཀྱི་ལྟ་ཞིབ་བྱེད་ས་མི་ཁྲི8.94ནས་མི་ཁྲི18.09ལ་རྒྱ་བསྐྱེད་པ་དང་། ལས་ཚད་ལྡབ་འགྱུར་གྱིས་འཕར་བའི་དོན་དངོས་ལ་དམིགས་ཏེ། རིམ་པ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་གླེང་བ་གནད་ཆེ་སར་འཇོག་པ་དང་། ཁྲིམས་ལྟར་གཟབ་ནན་གྱིས་བརྟག་དཔྱད་བྱེད་སྟངས་སྤྱོད་པ། རུལ་སུངས་ལ་ཁྲིམས་གཅོད་བྱེད་པའི་བཙན་གནོན་གྱི་གནས་བབ་རྒྱུན་འཁྱོངས་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི“འཁྱེར་སོ་བཞི” ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་པ། ཚུལ་མཐུན་སྤྱོད་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་ཞིག་གྲུབ་པར་སྐུལ་སྤེལ་བྱས་པ་རེད། ད་ལོའི་ཟླ་དང་པོ་ནས5པའི་བར། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གནད་དོན་དང་ཁུངས་སྣེ1962ཐག་གཅོད་བྱས་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན65.2﹪འཕར། གྱོད་དོན་ཐོ་འགོད་བྱས་པ285དང་། ན་ནིང་གི་དུས་མཉམ་དང་བསྡུར་ན42.5﹪འཕར།ཏང་གི་སྒྲིག་ལམ་ལྟར་ཉེས་ཆད་བཅད་པའི་མི322ཡོད་པ་དང་། མི104ལ་སྲིད་དོན་ཐད་ཀྱི་ཉེས་ཆད་བཅད། མི27ལ་རྩ་འཛུགས་ཐད་ཀྱི་ཉེས་ཆད་བཅད། མི10ཁྲིམས་འཛིན་ལས་ཁུངས་ལ་སྤྲད་པ་དང་། མི1611ལ“འཁྱེར་སོ་བཞི”སྤྱད་དེ་ཐག་གཅོད་བྱས་ལ།ན་ནིང་གི་དུས་མཉམ་དང་བསྡུར་ན33.8﹪འཕར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།