མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ཐད་ནས་ཆེད་དོན་རྟོག་ཞིབ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། མཚོ་ཤར་དང་མགོ་ལོག་ཏུ་སོང་ནས། འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ཐད་ནས་ཆེད་དོན་རྟོག་ཞིབ་སྤེལ། རྟོག་ཞིབ་ཚན་ཆུང་གིས་སློབ་གྲྭ་ཆུང་འབྲིང་སྐོར་ཞིག་ཏུ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་སྲིད་གཞུང་གི་གནས་ཚུལ་ཡར་ཞུར་ཉན་པ་མ་ཟད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སློབ་གྲྭའི་འགན་ཁུར་མི་སྣ། དགེ་རྒན་གྱི་འཐུས་ཚབ་བཅས་དང་བཞུགས་མོལ་བྱས།

རྟོག་ཞིབ་ཚན་ཆུང་གིས་རིམ་པ་སོ་སོའི་སྲིད་གཞུང་གིས་འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་པས། འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ན་ཡང་། ད་དུང་རོང་འབྲོག་ཁུལ་ཁ་ཤས་ཀྱི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས་པ་དང་། རོང་འབྲོག་ཁུལ་གྱི་དགེ་རྒན་ཀྱི་སྟོབས་ཤུགས་ཅུང་ཞན་པ། སློབ་བྱོལ་ལ་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་གནོན་ཤུགས་ཆེ་བ་སོགས་ཀྱི་དཀའ་ཁག་དང་གནད་དོན་མང་པོ་ཡོད་ཟེར།

རྟོག་ཞིབ་ཚན་ཆུང་གིས་གཅིག་ནས་ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཞང་དང་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། སློབ་གྲྭའི་རྒྱུ་སྤུས་མཐོར་འདེགས་བྱས་ཏེ། རྫོང་ཁོངས་མཁར་གྲོང་གི་འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ཧ་ལམ་མངོན་འགྱུར་བྱེད་དགོས། གཉིས་ནས་གྲོང་ཁྱེར་དང་ཁུལ་གྱིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྫོང་གིས་དོ་དམ་དང་སློབ་གྲྭས་གདན་ཞུ་བྱེད་པའི་བཅོས་སྒྱུར་སྤེལ་བ་དང་། རོང་འབྲོག་ཁུལ་གྱི་དགེ་རྒན་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་པའི་ཞོར་དུ། ཤར་རྒྱུད་ས་ཁུལ་གྱིས་མཚོ་སྔོན་ལྷོ་ཕྱོགས་ཀྱི་དགེ་རྒན་ལ་རོགས་སྐྱོར་བྱེད་པའི་བྱ་བར་བཟང་བོར་བསྒྲུབ་དགོས། གསུམ་ནས་འོས་འགན་སློབ་གསོའི་སློབ་བྱོལ་ལ་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་བྱ་བའི་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་པ། རྒྱུན་མཐུད་ངང་ས་ཁུལ་གཙོ་བོའི་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་བྱ་བར་དམ་འཛིན་བྱེད་པ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ་དང་དམ་འཛིན་ལྷོད་མེད་བྱས་ཏེ། སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་བྱ་བ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་དུ་བསྒྱུར་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།