ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་ཧེ་ཡན་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཧེ་ཡན་རྫོང་དུ་ཟབ་ཞུགས་བྱས་ཏེ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ། རྟོག་ཞིབ་སྐབས་སུ། ཧེ་ཡན་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། རྫོང་དང་ཞང་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ། དབུལ་སྐྱོར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། དབུལ་ཕོངས་ཁྱིམ་ཚང་གི་འཐུས་མི་བཅས་དང་ཁ་བརྡ་བརྗེ་རེས་བྱས་པར་མ་ཟད། ཡུལ་དངོས་ནས་ཧེ་ཡན་རྫོང་གི་ཁྱད་ལྡན་ཐོན་ལས་གསོ་སྦྱོང་དང་སྡེ་བ་རིམ་པའི་ཕན་ཚུན་རོགས་རེས་མ་དངུལ་འཁོར་སྐྱོད་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ཀྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས།

ཏུའུ་ཅེ་ཡིས་བསྟན་དོན། ཧེ་ཡན་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཉིས་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་པར་མ་ཟད། རང་འགུལ་གྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པས་རིགས་སོ་སོའི་བྱ་བ་གཙོ་བོའི་འཕེལ་རིམ་གནས་ཚུལ་བཟང་བོ་ཡིན་པ་དང་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཉིས་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ་ཕན་ནུས་དངོས་ཐོབ་པར་འབད་པ་བྱེད་དགོས། དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཉིས་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་དགེ་མཚན་དེ་སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ཁམས་ཞིང་ལས། སྐྱེ་ཁམས་བཟོ་ལས། སྐྱེ་ཁམས་ཡུལ་སྐོར་སོགས་སྐྱེ་ཁམས་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་པ་གཉིས་ཟུང་སྦྲེལ་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམངས་ཚིས་ལེགས་བཅོས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་ཐད་ཀར་འབྲེལ་ཡོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པར་མ་ཟད། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་ཕན་སྔར་ལས་མང་བོ་དང་སྔར་ལས་བཟང་བོ་འདོགས་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་སར་ཁ་གསབ་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་གཉིས་ཟུང་སྦྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞང་སྡེའི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་གསར་སྐྲུན་ལས་སྐྲུན་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།