མཚོ་སྔོན་གྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར7བཏང་སྟེ་མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར7བཏང་སྟེ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དུས་རིམ་གཉིས་པའི་འཛུགས་སྐྲུན་ལས་གཞི་ལ་རྒྱབ་སྐྱོར་བྱས་ཤིང་། གཙོ་བོ་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་་བཅོས་སྐྱོང་དང་། གནོད་ཡོད་སྐྱེ་དངོས་སྔོན་འགོག བརླན་ས་སྲུང་སྐྱོབ། བྱེ་ས་འགོག་བཅོས་བཅས་ཀྱི་ལས་གཞི་ཐད་བཀོལ་སྤྱོད་བྱ་རྒྱུ་རེད།

མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་འགོ་ཁུངས་སུ་གནས་ཡོད་ཅིང་། གཙང་བོ་དང་མཚེའུ་ཤིན་ཏུ་མང་བས་སྐྱེ་ཁམས་ཀྱི་གོ་གནས་ཤིན་ཏུ་གལ་ཆེན་ཡིན། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་མཐོང་ཆེན་གནང་སྟེ། 2013ལོ་ནས་འགོ་བརྩམས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་བྱས་པའི་རིང་ལ། ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱེད་པ་དང་། འགྲོ་གྲོན་སྔ་འདོན། སྔོན་རྩིས་བྱེད་པ་བཅས་ཀྱི་རྣམ་པ་བརྒྱུད་དེ་མ་དངུལ་སྒོར་དུང་ཕྱུར22.15རྩིས་སྤྲོད་བྱས་པ་དེས་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་སོ་སོ་བསྟུད་མར་བདེ་བླག་ངང་སྤེལ་བར་འགན་སྲུང་ནུས་ལྡན་བྱས་པ་དང་། སྐྱེ་ཁམས་འགོག་ཡོལ་འཛུགས་སྐྲུན་རིམ་བཞིན་འཐུས་ཚང་དུ་གྱུར་བར་སྐུལ་འདེད་ངེས་ཅན་བཏང་། ཐེངས་འདིར་འདོན་སྤྲོད་བྱས་པའི་མ་དངུལ་དེ་དག་ལ་བརྟེན་ནས་འབྲོག་ཁུལ་གྱིས་མིའི་ཐབས་ཀྱི་རྩྭ་འདེབས་པ་དང་། རྩྭ་ར་བསྐོར་བ་སོགས་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་ཨ་བྲ་རྩ་མེད་དུ་གཏོང་བ་དང་། དུག་རྩྭ་གཙང་སེལ་བྱས་ཏེ། གཟན་རྩྭ་སྤུས་ལེགས་འདེབས་རྒྱུ་དང་། འོས་འཚམས་ངང་ཕྱུགས་འཚོ་བའི་རྩྭ་ས་སྲུང་་སྐྱོབ་དང་ལེགས་བཅོས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དོན་དངོས་དང་བསྟུན་པའི་སྒོ་ནས་རྩྭ་ས་ཉམས་འགྱུར་གྱི་གནས་བབ་བཀག་སྡོམ་དང་། རྩྭ་ཕྱུགས་འགལ་བ་ཐག་བཅད་དེ། མཚེའུ་ཆུ་ཁོངས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པའི་ལས་གཞི་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཆུ་རྒྱུན་འབབ་ཡུལ་གྱི་ཆ་འདོན་ནུས་ཤུགས་ལ་ཤུགས་བསྣན་ཏེ། བརླན་སའི་སྐྱེ་ཁམས་བྱེད་ནུས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ལྗང་སྒྱུར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་ཕན་འབྲས་འདོན་སྤེལ་བྱེད་པ། མཐོ་སྒང་གི་ལྗང་མདོག་ཐོན་རྫས་བསྐྲུན་པར་ནུས་ཤུགས་གང་ལེགས་འདོན་སྤེལ་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།