2018ལོའི་ཀྲུང་གོ་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མཚོ་སྔོན་ཚོགས་ར་གཙོ་བོའི་བྱ་འགུལ་མཚོ་ལྷོ་ཁུལ་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། རྒྱལ་ཡོངས་སྐབས་གཉིས་པའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དྲིལ་སྒྲོག འགྲེམ་སྟོན་བྱ་འགུལ་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་སྨྱན་བྱད་ལྟེ་གནས་ཐང་ཆེན་ནས་བསྡུས་པ་དང་། བྱ་འགུལ་སྟེང་གཅིག་བསྡུས་སྒོས་མཚོ་སྔོན་གྱི་འབུད་དཀྲོལ་དང་བོད་ཀྱི་ཆང་གཞས། བོད་འགྱིག སོག་རིགས་ཀྱི་དམངས་གླུ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་གཟུགས་འདས་རིག་གནས་ཀྱི་རྣམ་གྲངས་ཞེ་དྲུག་འགྲེམ་སྟོན་བྱས།

ཐེངས་འདིའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བརྗོད་དོན་ནི་སྣ་མང་གཟུགས་འདས་རིག་གནས་དང་མཛེས་སྡུག་གི་འཚོ་བ་ཞེས་པ་ཡིན་ལ། མཚོ་ལྷོ་ཁུལ་གྱི་ཚོགས་ར་གཙོ་བོའི་ཁྲོད་ཞིང་ཆེན་ཡོངས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཆེད་དོན་འཁྲབ་སྟོན་དང་ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྣམ་གྲངས་འགྲེམ་སྟོན། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་སྐོར་བྲོ་འཁྲབ་སྟོན་སོགས་བྱ་འགུལ་འདུ། བྱ་འགུལ་ཡུལ་དངོས་ཀྱི་གཟུགས་འདས་རིག་གནས་ཀྱི་རིག་རྩལ་ལེ་ཚན་འཁྲབ་སྟོན་དང་འགྲེམ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་། གླུ་གར་དང་གཞས་མ་གཏམ། དཀྲོལ་འཁྲབ་སོགས་མང་ཚོགས་ཀྱིས་ཉན་སྤྲོ་ཞིང་བལྟ་འདོད་པའི་རྣམ་པ་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཁྱད་དུ་འཕགས་པའི་ཡིད་འགུག་ནུས་པ་འགྲེམ་སྟོན་བྱས་པ་དང་། སྲོལ་རྒྱུན་སྒྱུ་རྩལ་རྣམ་གྲངས་འགྲེམ་སྟོན་ཐད་ནས་དེ་ལས་ཀྱང་ཁྱད་ཆོས་ལྡན་པས། ལྟད་མོ་བ་སྔར་ལས་མང་པོ་ཞིག་ནང་འགུག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ཚུན་དུ། ལོ་རེའི་ཟླ་དྲུག་པའི་གཟའ་འཁོར་གཉིས་པའི་གཟའ་སྤེན་པ་ཉིན་དེ་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་གཏན་ཁེལ་བྱས་པ་དང་། དམིགས་ཡུལ་ནི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་སྟུག་པོ་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ཐད་ཀྱི་ངོས་འཛིན་ཇེ་མཐོར་གཏོང་བ། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཡོངས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པར་སྐུལ་སློབ་བྱེད་པ་བཅས་ཀྱི་ཆེད་རེད། མིག་སྔར། མཚོ་སྔོན་དུ་བསྡོམས་པས་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཁྲོད་ཚུད་པའི་རྣམ་གྲངས་ལྔ་ཡོད་པ་དང་། ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཁྲོད་ཚུད་པའི་རྣམ་གྲངས་དོན་གསུམ། མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཁྲོད་ཚུད་པའི་རྣམ་གྲངས་ཉིས་བརྒྱ་དང་ང་གསུམ་ཡོད་ལ། ཀྲུང་གོའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་གྱ་བརྒྱད་དང་མཚོ་སྔོན་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་ཉིས་བརྒྱ་དང་དགུ་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།