མཚོ་སྔོན་པོའི་མཚེར་བ་རི་དང་བྱེ་གླིང་གཉིས་མུ་མཐུད་དུ་སྒོ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱེད་ཆེད། ད་ལོའི་ཡུལ་སྐོར་དུས་གཞུང་དུ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚེར་བ་རི་དང་བྱེ་གླིང་ལྗོངས་ཁུལ་གཉིས་མུ་མཐུད་དུ་སྒོ་བརྒྱབ་ནས་ཡུལ་སྐོར་ལས་མཚམས་འཇོག་རྒྱུ་རེད། ཡུལ་སྐོར་ལས་མཚམས་བཞག་རྗེས་ཚད་ངེས་ཅན་གྱི་སྟེང་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་དང་སློབ་གསོ། རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་རོལ་མྱོང་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ཐབས་ལམ་གསར་པ་ཧུར་བརྩོན་གྱིས་འཚོལ་སྙེག་བྱེད་རྒྱུ་རེད། མིག་སྔར། ཡུལ་སྐོར་པ་རྣམས་མཚོ་སྔོན་པོའི་ནུར་ལྕེ་ལྗོངས་ཁུལ་དང་ལྷ་མོ་མཚོ་ཁུགས་ལྗོངས་ཁུལ་ནས་མཚོ་སྔོན་པོའི་མཛེས་སྡུག་རོལ་མྱོང་བྱེད་ཆོག

མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚེའུ་ཞིག་ཡིན་ལ། རྒྱལ་སྤྱིའི་སྟེང་གི་བརླན་ས་གལ་ཆེན་ཞིག་ཀྱང་ཡིན། ཆུ་བྱ་གསོ་སྤེལ་བྱེད་ཡུལ་གལ་ཆེན་ཡིན་པའི་ཆ་ནས། ལོ་རེར་ཧ་ལམ་ཆུ་བྱ་ཁྲི6ལྷག་གིས་མཚོ་སྔོན་པོའི་མཚེར་བ་རི་ནས་རྒྱུད་སྤེལ་བཞིན་ཡོད་པ་དང་། ཕལ་ཆེར་ཆུ་བྱ་ཁྲི10ལྷག་མཚོ་སྔོན་པོར་འཕུར་ཡོང་ནས་འཚོ་བཞིན་ཡོད། མཚོ་སྔོན་པོ་ན་རྒྱུད་སྤེལ་བཞིན་པའི་ཆུ་སྐྱར་མགོ་སེར་དང་ཁྲུང་ཁྲུང་མགོ་ཁྲ། སོ་བྱ་གསུམ་གྱིས་གོ་ལ་ཡོངས་ན་རྒྱུད་སྤེལ་བཞིན་པའི་སྤྱི་གྲངས་ཀྱི60%ཟིན། རྒྱུས་ལོན་པ་ལྟར་ན། མིག་སྔར་བྱ་རིགས40དང་བྱ20000ལྷག་མཚོ་སྔོན་པོར་འཕུར་ཡོང་ཡོད།

ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཁོར་ཡུག་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་པའི་ཤུགས་ཚད་མུ་མཐུད་དུ་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་རིམ་བཞིན་ཇེ་མཐོར་སོང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ནམ་ཡང་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བརྩིས་ཏེ། ཡུལ་སྐོར་བྱ་འགུལ་གྱིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་རྐྱེན་ངན་བཟོ་བ་ཇེ་ཡང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་དངོས་གནས་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག》སོགས་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར། 2017ལོའི་ཟླ8པའི་ཚེས29ཉིན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་པའི་མཚེར་བ་རི་ལྗོངས་ཁུལ་དང་བྱེ་གླིང་ལྗོངས་ཁུལ་གཉིས་སྒོ་བརྒྱབ་ནས་ཡུལ་སྐོར་ཚོང་གཉེར་བྱེད་མཚམས་བཞག

མཚམས་སྦྱོར་བྱས་པ་ལྟར་ན། ཡུལ་སྐོར་ཚོང་གཉེར་བྱེད་མཚམས་བཞག་རྗེས།མཚེར་བ་རི་ནས་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་སྟེ། ད་ལོའི་ཟླ5པར། མཚེར་བ་རི་ནས་རང་བྱུང་ཚན་རྩལ་ཁྱབ་གདལ་གྱི་འཆད་ཁྲིད་སྤེལ་ནས། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་གདན་དྲངས་ནས་བྱ་ལ་ཇི་ལྟར་བལྟ་བའི་རྨང་གཞིའི་ཤེས་བྱ་དང་བྱའི་རིགས་ཀྱི་ཁྱད་ཆོས་ཇི་ལྟར་བགར་ཚུལ།“འདབ་ཆགས་ཀྱིས་དཔྱིད་ཀ་གཉིད་ལས་སློང་བ” ཞེས་པའི་རང་བྱུང་སྐྱེ་ཁམས་ལ་རོལ་མྱོང་བྱེད་པའི་བྱ་འགུལ་མང་པོ་སྤེལ། རྗེས་ཕྱོགས་ད་རུང་ལོ་ཆུང་གཞོན་ནུ་རྣམས་ལ་རང་བྱུང་སྐྱེ་ཁམས་ཀྱི་སློབ་ཐུན་བྱ་འགུལ་ཀྱང་སྤེལ་རྩིས་ཡོད། དེ་ལས་གཞན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་དང་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་པོ་མཉམ་འབྲེལ་ཚན་རིག་ཞིབ་འཇུག་ལྟེ་གནས། དེ་མིན་རང་ཡུལ་གྱི་སྨྱན་བྱད། དྲ་བའི་སྟེགས་བུ་བཅས་བརྒྱུད་ནས་བྱ་གླིང་གི་བརྙན་རིས་ཐད་ཀར་གཏོང་བའི་བྱ་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཏེ། ཚང་མའི་བྱར“བལྟ་འདོད་ཀྱི་སེམས་པ”བསྐངས།

“ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་འགུལ་འདི་དག་བརྒྱུད་ནས་མི་སྔར་བས་མང་པོ་ཞིག་གིས་བྱ་འདི་དག་གསལ་པོར་ངོས་ཟིན་པ་དང་རྒྱུས་ལོན་ནས། སྙིང་རྗེ་བའི་ཚེ་སྲོག་འདི་དག་ལ་དགའ་བ་དང་། འདབ་ཆགས་རིགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་ཁོ་ཚོའི་སེམས་སྟེང་དུ་སིམ་པའི་རེ་བ་ཞུ་བ་ཡིན”ཞེས་མཚོ་སྔོན་པོ་རྒྱལ་རབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས་དེ་ལྟར་བཤད།

མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུས་ཀྱིས་རི་བོ་སྔོ་ཞིང་ཆུ་བོ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཤིང་ལག་ལེན་དུ་བཏབ་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་དུ་བརྟན་པོར་སྐྱོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཟུང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་པ་དང་། སྐྱེ་ཁམས་ཚན་རྩལ་རྟོག་ཞིབ་དང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ། རང་བྱུང་ཁོར་ཡུག་སློབ་གསོ་ཐོན་རྫས་མཚམས་སྦྱོར་བྱས། ཁྱོན་ཡོངས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཁྱད་ཆོས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་མ་ལག་མཚོན་ཐུབ་པ་དང་། ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཕན་ནུས་ཇེ་མཐོར་གཏོང་བ། སྤོ་བསྒྱུར་རིམ་སྤར་གྱི་བྱ་བ་དམ་པོར་བཟུང་སྟེ། ལྗོངས་ཁུལ་གྱི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་སྣང་བརྙན་གསར་པ་བཞེངས་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།