ཝང་ཅན་ཅོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་གྱི་ཚོད་ལྟ་སྐུལ་སྤེལ་ཚོགས་འདུའི་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་གྱི་ཚོད་ལྟ་སྐུལ་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ནས་འགྲེང་སྟེ་བཟོས་པའི་འཐབ་ཇུས་གདམ་ཀ་གལ་ཆེན་ཞིག་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་འཛུགས་པའི་ནང་གནས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཚོད་ལྟའི་གོ་སྐབས་དམ་འཛིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བསམ་བློ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། མི་དམངས་མང་ཚོགས་ལ་བློ་གཅིག་སེམས་གཅིག་སྒོས་ཞབས་འདེགས་ཞུ་བའི་གཞི་རྩའི་དགོངས་སྙིང་ལག་བསྟར་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བར་བྱེད་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་མཛེས་པའི་ཀྲུང་གོ་བསྐྲུན་པར་མཚོ་སྔོན་མི་དམངས་ཀྱི་བྱས་རྗེས་འཇོག་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མཚོ་སྔོན་གྱི་ཆུ་བོ་གསུམ་གྱི་འགོ་ཁུངས་ཡིན་ལ་ཀྲུང་གོའི་ཆུ་བོ་གསུམ་གྱི་འགོ་ཁུངས་ཡིན་པར་མ་ཟད། འཛམ་གླིང་གི་ཆུ་བོ་གསུམ་གྱི་འགོ་ཁུངས་ཀྱང་ཡིན་ཞིང་། རང་བྱུང་ཐོན་ཁུངས་ནི་མིའི་རིགས་སྤྱི་ཚོགས་འཚོ་གཞེས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྒྱུ་ནོར་གལ་ཆེན་ཡིན་པས། ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བསྒྱུར། མིའི་རིགས་ཡོངས་ལ་བྱས་རྗེས་འཇོག་པ་དང་། རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བཟང་བོ་དང་བཀོལ་སྤྱོད་ལེགས་པོ་བྱེད་པའི་མཐོ་ཚད་ནས་འགྲེང་སྟེ། རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་སྲུང་སྐྱོབ་ལེགས་པོ་དང་བདག་གཉེར་ལེགས་པོ་བྱས་ནས། གཅིག་བསྡུས་དང་སྟབས་བདེ། ཕན་འབྲས་ལྡན་པ་བཅས་ཀྱི་དོ་དམ་སྒྲིག་སྲོལ་བཙུགས་ཏེ། ཅིའི་ཕྱིར་དོ་དམ་བྱེད་པ་དང་ཇི་ལྟར་དོ་དམ་བྱེད་པ། སུས་དོ་དམ་བྱེད་པ་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་ཐག་གཅོད་མཐའ་འཁྱོལ་བྱས་མཐར། བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་པ་དང་ལག་བསྟར་གནད་སྨིན་བྱེད་པ། ཀྲུང་དབྱང་དང་མི་དམངས་ཀྱི་འདོད་བློ་དང་མཐུན་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་དོ་དམ་སྒྲིག་སྲོལ་གྱི་ཚོད་ལྟ་ནི། ལས་སྒོ་གསར་རྐྱང་ཞིག་དང་མ་ལག་རང་བཞིན་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་སྙིང་རུས་ཆེན་པོ་བསྐྱེད་དེ་སེམས་ཞིབ་མོས་ལག་བསྟར་བྱེད་དགོས། ཕན་འབྲས་ལྡན་ལ་འབྲེལ་མཐུད་ལྡན་པར་དོ་སྣང་དང་། སྔར་ལས་ལྷག་པའི་སྒོ་ནས་གཏིང་ཇེ་ཟབ་དང་ཞིབ་ཕྲ་ཅན། བདེན་དངོས་ཅན་དུ་བསྒྱུར་ནས། བྱེད་ཐབས་དངོས་འབེབས་བྱས་པ་མགྱོགས་ཤིང་ཚད་ལྡན་ཅན་དུ་བསྒྱུར་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། འགོ་ཁྲིད་ཚན་ཆུང་དང་འགན་ནུས་སྡེ་ཁག། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་བཅས་ཚང་མས་འགན་འཁྲི་ཕྲག་སྟེང་དུ་བླངས་ནས། གཅིག་བསྡུས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ཏེ། ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་བ་དང་འགན་འཁྲི་འདྲི་རྩད་བྱེད་པར་ཤུགས་བསྣན་མཐར། དུས་བཅད་ལྟར་ལས་རིམ་ཁག་སོ་སོའི་ཚོད་ལྟའི་འོས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཡུས་ཚུང་ལི་ཡིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་། ཐེན་ཅིན་ཁྲིན་གྱིས་ཚོད་ལྟའི་བྱ་བ་དམ་པོར་འཛིན་ཐབས་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་སྒྲིག་ལུགས་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོད་གནས་ལག་ལེན་བྱེད་ཐབས་ཀྱི་མཆན་བཀོད་བཀའ་ལན་བརྒྱུད་སྒྲོག་བྱས་ཤིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྫ་སྟོད་རྫོང་། པདྨ་རྫོང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣ་བཅས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།