ཧྲན་ཏུང་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར་དུ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཅ་ཡུས་ཀྱིས་ཧྲན་ཏུང་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་གསུངས་བཤད་གལ་ཆེན་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད། ཞིང་ཆེན་གཉིས་ཀྱི་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་ལས་གཞན། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་བརྗེ་རེས་བྱ་བ་སྔར་ལས་གཏིང་ཟབ་དུ་སྤེལ་བ་དང་། ཁྱབ་ཁོངས་ཆེ་རུ་གཏོང་བ། ཆུ་ཚད་མཐོན་པོའི་ཕྱོགས་སུ་བསྐྱོད་པ་བཅས་ལ་འབད་འབུངས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་དང་། ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧྲུའུ་ཅན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་བཅས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས་ཏེ་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས།

འཐུས་ཚབ་ཚོགས་པ་སྔ་གཞུག་ཏུ་ཧྲན་ཏུང་ཞིང་ཆེན་གྱི་རོགས་སྐྱོར་འཛུགས་སྐྲུན་བྱེད་གནས་རྐང་ཚ་རྫོང་རིག་ནུས་དྲོད་ཁང་གི་སིལ་ཏོག་དང་སྔོ་ཚོད་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དང་། མཚོ་སྔོན་པོའི་ལོག་ཀར་འདེབས་གསོ་དང་ལས་སྣོན་བྱེད་གནས། མཚོ་བྱང་ཁུལ་བྱིས་གཉོར་ཁང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཧེ་ཡན་རྫོང་ཀྲུང་ལུགས་དང་བོད་ལུགས་ལུས་གསོ་ལྟེ་གནས་འཛུགས་སྐྲུན། ཧེ་ཡན་རྫོང་ལྗང་མདོག་རིག་གནས་ཐོན་ལས་ར་བ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། ཡུལ་དངོས་ནས་ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་ཁྱད་ལྡན་ཐོན་ལས་ཆེ་རུ་བསྐྱེད་པ། དམངས་ཚིས་སྒྲིག་ཆས་མཐོར་འདེགས་གཏོང་བ། སྨན་བཅོས་རོགས་སྐྱོར་གྱི་རྒྱ་ཆེ་རུ་བསྐྱེད་པ། སློབ་གྲྭའི་ཁ་གཏད་རོགས་སྐྱོར་བྱ་བ། སློབ་སྒྲུབ་ནུས་པ་ཇེ་མཐོར་གཏོང་བ། འཇོན་ཐང་མི་སྣ་ཕྱོགས་གཉིས་ནས་གསོ་སྐྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་པ་རྣམས་ལ་འཚམས་འདྲི་བྱས་ཏེ། ཏང་འཛུགས་དང་མཚོ་སྔོན་གྱི་རོགས་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན།

ལིག་ཅ་ཡུས་ཀྱིས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་མི་དམངས་ཀྱིས་ཧྲན་ཏུང་མཚོ་སྔོན་རོགས་སྐྱོར་ཚོགས་པའི་བྱ་བ་ལ་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སྤེལ་བའི་འོས་འགན་ཧྲན་ཏུང་ཞིང་ཆེན་ལ་གནང་ཡོད་ཅིང་། དེ་ནི་ཧྲན་ཏུང་ལ་ཡིད་ཆེས་ཟབ་མོ་གནང་བའི་རྟགས་མཚན་ཞིག་ཡིན་པ་དང་། ང་ཚོའི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཀྱང་ཡིན། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་གཙོ་གནད་དུ་འཛིན་པ་དང་འདུ་ཤེས་བཞི་སྔར་ལས་སྲ་བརྟན་དུ་བཏང་མིན་ལ་ཞིབ་བཤེར་བྱེད་པའི་དངོས་ཡོད་ཚད་ཤིང་དུ་བལྟས་ནས་འཛིན་དགོས་པར་མ་ཟད། ཆབ་སྲིད་ཀྱི་འོས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོའི་མཐོ་ཚད་ནས་འགྲེང་སྟེ་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། ཆབ་སྲིད་ཀྱི་གནས་ཐིག་ཇེ་མཐོར་བཏང་བ་དང་ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་ཇེ་བརྟན་དུ་བཏང་ཡོད། འདུ་ཤེས་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ལྔ་བཞིའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། ཤུགས་ཆེན་པོས་ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་གཏིང་ཟབ་སར་སྤེལ། ང་ཚོས་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་སྒེར་སེམས་ཅི་ཡང་མེད་པའི་སྒོ་ནས་རོགས་སྐྱོར་སྤེལ་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་རོགས་སྐྱོར་བྱེད་མཁན་རྣམས་ལ་སེམས་ཁུར་ལེགས་པོ་དང་བྱམས་སྐྱོང་བཟང་བོ་བྱེད་དགོས། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་ལས་གཞི་ཚང་མ་དངོས་འབེབས་བཟང་བོ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་བྱ་བའི་མ་དངུལ་ཚང་མ་བཀོལ་སྤྱོད་གང་ལེགས་བྱེད་དགོས། ཧྲན་ཏུང་ཞིང་ཆེན་གྱི་སྔོན་ཐོན་དབུལ་སྐྱོར་འདུ་ཤེས་དང་རྣམ་པ་ནང་འདྲེན་བྱས་ཏེ། ཧྲན་ཏུང་གི་འཇོན་ཐང་མི་སྣ་ནང་འདྲེན་བྱེད་རྒྱུ་ནི་མཚོ་སྔོན་འཕེལ་རྒྱས་གཏོང་བའི་ཇུས་གཞི་གལ་ཆེན་ཏུ་འཛིན་དགོས་ལ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མཉམ་འཛུགས་བྱས་ཏེ། ཧྲན་ཏུང་དང་མཉན་དུ་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཁྲོད་སིམ་འདྲེས་ཡོང་བར་བྱས་ཏེ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཤིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་བྱ་བར་ཤུགས་བསྣན་མཐར། ཞིང་ཆེན་གཉིས་ཀྱི་མཛེས་པའི་མ་འོངས་པ་མཉམ་དུ་བསྐྲུན་རྒྱུ་ཡིན་ཟེར།

ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། ཝང་ཧྲུའུ་ཅན་དང་ཝང་ཡུས་པོ་གཉིས་ཀྱིས་ཞིང་ཆེན་གཉིས་ཀྱི་མཉམ་ལས་འཐབ་ཇུས་གྲོས་མཐུན་བཀོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།