རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཀྲང་ཡུང་ལིས་དང་ཀྲང་ཞའོ་རོང་། མུན་ཧེ་བཅས་ཀྱིས་མཚོ་སྔོན་སྐོར་གཉིས་པའི་རྒྱལ་ཁབ་ལྗང་མདོག་དངུལ་ལོར་བཅོས་སྒྱུར་གསར་སྐྲུན་ཚོད་ལྟ་ཁུལ་དུ་ཡར་ཞུ་བྱེད་རྒྱུའི་གྲོས་གཞི་བཏ

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པ་ནི་མཚོ་སྔོན་གྱི་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་། ལྗང་མདོག་དངུལ་ལོར་འཕེལ་རྒྱས་སུ་གཏོང་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བའི་ནང་གནས་ཀྱི་དགོས་མཁོ་ཡིན་ལ། ལྗང་མདོག་དངུལ་ལོར་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་ལྗང་མདོག་དངུལ་ལོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད། དེ་བས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཀྲང་ཡུང་ལིས་དང་ཀྲང་ཞའོ་རོང་། མུན་ཧེ་བཅས་ཀྱིས་མཚོ་སྔོན་སྐོར་གཉིས་པའི་རྒྱལ་ཁབ་ལྗང་མདོག་དངུལ་ལོར་བཅོས་སྒྱུར་གསར་སྐྲུན་ཚོད་ལྟ་ཁུལ་དུ་ཡར་ཞུ་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་དངུལ་ལོར་འཕེལ་རྒྱས་འདུ་ཤེས་རིམ་བཞིན་ཇེ་དྲག་ཏུ་སོང་ཡོད་པ་དང་འཕེལ་རྒྱས་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་ཡོད། དེར་མ་ཟད། རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་ཏེ་ལྗང་མདོག་དངུལ་ལོར་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་ལྗང་མདོག་ཡིད་རྟོན་དངུལ་བུན་ཁེབས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་ཡིད་རྟོན་དངུལ་བུན་ཐོན་རྫས་རིགས་སྣ་ཉི་ཤུ་ལྷག་བྱུང་། མཚོ་སྔོན་ཞིང་ཆེན་ལ་ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ནའང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོན་བེད་སྤྱོད་མངོན་འགྱུར་བྱེད་པ་ནི་དངུལ་ལོར་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གནད་འགག་ཡིན་ཟེར།

དེ་བས། འཐུས་མི་གསུམ་གྱིས་ལྗང་མདོག་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བརྩི་བ་དང་རྒྱལ་ནང་གི་ལྗང་མདོག་དངུལ་ལོར་ཁྲོམ་རའི་ལག་ལེན་ཉམས་མྱོང་དང་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་གཉིས་ཟུང་འབྲེལ་བྱས་ཏེ་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་གོ་གནས་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་སྐོར་གཉིས་པའི་ལྗང་མདོག་དངུལ་ལོར་བཅོས་སྒྱུར་གསར་སྤེལ་ཚོད་ལྟ་ཁུལ་དུ་འགྱུར་བར་ཡར་ཞུ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་སོགས་ཀྱི་ཐད་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཁྱད་ལྡན་རང་བཞིན་གྱི་ཞིང་ཆེན་རིམ་པའི་ལྗང་མདོག་དངུལ་ལོར་བཅོས་སྒྱུར་གསར་སྐྲུན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་སོགས་ཁྱབ་ཁོངས་སུ་ཁྱད་ལྡན་ལྗང་མདོག་དངུལ་ལོར་འཕེལ་རྒྱས་རྣམ་པ་དང་ཉམས་མྱོང་བཟང་བོ་གྲུབ་པར་འཚོལ་ཞིབ་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།