མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་པས་སྐུ་འབུམ་དགོན་པའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། རྒྱ་ལོ་སྨོན་ལམ་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། རིན་ཆེན་རྣམ་རྒྱལ། མཱ་ཧའེ་ཡན། ཝང་ཞོན། དྲུང་ཡིག་ཆེན་མོ་ཝང་ཅིན་སོགས་སྐུ་འབུམ་དགོན་པར་སོང་ནས་གྲྭ་བཙུན་རྣམས་ལ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། སྐུ་འབུམ་དགོན་པར་ཞིང་ཆེན་ཡོངས་ཀྱི་དད་ལྡན་མང་ཚོགས་ཁྲོད་ཤན་ཤུགས་ཅུང་ཆེན་པོ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། སྐུ་འབུམ་དགོན་པས་ནན་ཏན་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དང་། ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་ཁྲོད་ཞུགས་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་བྱེད་པའི་ཐད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང་། ནུས་ཡོད་སྒོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ལ་རྒྱབ་སྐྱོར་བྱས་ཟེར། རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཚབ་བྱས་ནས་འདིའི་ཐད་ལ་བཀའ་དྲིན་ཞུས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་བཅངས་པའི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་སྒྲོག་བྱས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་སྔོན་ཏག་ཏག་ལ་མཇུག་བསྒྲིལ་བའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཉམས་ཆེ་བའི་དཔེ་རིས་བྲིས་པས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་མ་ཆེན་པོ་ཐེབས་ཡོད། སྐུ་འབུམ་དགོན་པས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཐད་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས་ཏེ། གཅིག་ནི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞིང་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་། ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། ཆོས་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཁམས་སྙོམས་སྒྲིག་དང་འགལ་བ་ཐག་གཅོད་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པར་རོགས་འདེགས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། གཉིས་ནི་མུ་མཐུད་དུ་གྲྭ་བཙུན་གྱི་སློབ་གསོའི་བྱ་བ་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གྲྭ་བཙུན་གྱི་རྒྱས་གཅེས་ཆོས་གཅེས་དང་ཁྲིམས་བརྩི་སྡོམ་སྲུང་། སེམས་ཅན་ལ་ཕན་འདོགས་པའི་བསམ་བློའི་འདུ་ཤེས་དང་རང་རྟོགས་བྱ་སྤྱོད་སྲ་སྒྱུར་བྱེད་དགོས། གསུམ་ནི་སྔར་ལས་ལྷག་པའི་སྒོ་ནས་དགོན་པའི་ལྷ་ཁང་གི་དོ་དམ་ལ་ཤུགས་སྣོན་བྱས་ནས་ལྷ་ཁང་སོ་སོའི་བདེ་འཇགས་འཁོར་སྐྱོད་ལ་ཁག་ཐེག་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་འཁོར་དང་བཅས་པས་སྤྲོ་སེམས་འཁོལ་བའི་ངང་ནས་སྐུ་འབུམ་དགོན་པས་བཞེངས་བཞིན་པའི་མེ་ཏོག་མཆོད་པར་བལྟས་པར་མ་ཟད། སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྒྱ་ལོ་སྨོན་ལམ་ཉིན་གྱི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བས་མེ་ཏོག་མཆོད་པར་མཇལ་བའི་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་དགོས་པ་ནན་བཤད་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།