ཁྲི་ཀའི་དགེ་བཤེས་བསྟན་པ་ཡར་འཕེལ་གྱིས་སྐུ་འབུམ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས་པ།

༡.jpg

གཞུང་ཆེ་ཆུང་མང་པོར་དམ་བཅའ་བཞག་སྟེ་དགེ་བཤེས་ཀྱི་ཐོབ་ཐང་སྤྲོད་པའི་ལམ་ལུགས་ནི་བོད་དུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་དགོན་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་དང་།  སློབ་གཉེར་ལ་སྐུལ་འདེད་ཀྱི་ནུས་པ་དང་ཐོབ་ཐང་།  གཞུང་ལུགས་ལ་བརྡར་ཤ་གཅོད་པའི་བྱེད་ཐབས་ཁྱད་པར་བ་ཞིག་ཀྱང་ཡིན།  བོད་དུ་ཕྱི་ལོ་དུས་རབས་བཅུ་གཅིག་པའི་ནང་ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་མཐོ་ལྡིང་དགོན་དུ་འཆད་ཉན་གྱི་གྲྭ་བཙུགས་པ་ནས་རིམ་བཞིན་སྲོལ་འདི་དར་ལ། དེ་ནས་རྔོག་བློ་ལྡན་ཤེས་རབ་མཆོག་གིས་གསང་ཕུ་དགོན་དུ་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ་བཅས་ལ་སློབ་གཉེར་བྱེད་པའི་བཤད་གྲྭ་དང་། སློབ་དཔོན་ཕྱྰ་བ་ཆོས་ཀྱི་སེང་གེས་ཚད་མ་རིག་པའི་ནང་དོན་གནད་ཆེ་བ་རྣམས་བསྡུས་ཚན་སོ་སོར་ཕྱེ་ནས་འཛིན་གྲྭའི་སློབ་ཚན་སོ་སོར་གོ་རིམ་བསྒྲིགས་པ་དང་།  རྩོད་པའི་བགྲོ་གླེང་བྱེད་ཚུལ།  འཛིན་གྲྭ་ཁག་བགོ་བ། སློབ་ཡུན་གཏན་འཁེལ། འཛིན་གྲྭ་ཕན་ཚུན་གཏུག་རེས་དང་དམ་བཅར་བཞུགས་པ།  སློབ་གཉེར་ཡག་གྲས་རྣམས་གྲྭ་ཚང་གཞན་དུ་གྲྭ་བསྐོར་དམ་བཅའ་གཏོང་བ་སོགས་ཀྱི་སྲོལ་བཙུགས་པ་དང་བསྟུན།  གསང་ཕུ་རང་དུ་གླིང་སྟོད་དང་གླིང་སྨད་གཉིས་གཅིག་ཏུ་བསྲེས་པ་ལས་བྱུང་བའི་གཞུང་ཆེན་པོར་ལུང་རིགས་ཀྱིས་དམ་བཅའ་འཇོག་པ་ལ་གླིང་བསྲེའི་དམ་བཅའ་དང་རབ་འབྱམས་པའི་དམ་བཅའ་སོགས་བྱུང་།

༢.jpg

ཕྱིས་སུ་དུས་རབས་བཅོ་ལྔ་བའི་ནང་དགེ་ལུགས་པའི་བསྟན་པ་བོད་གངས་ཅན་ལྗོངས་སུ་དར་ཁྱབ་བྱུང་བ་ནས་རི་བོ་དགེ་ལྡན་པའི་དགོན་སྡེ་ཆོས་གྲྭ་ཁག་གི་ནང་དུ་ཡང་ཚད་མ་དང་དབུ་ཕར་འདུལ་མཛོད་བཅས་གཞུང་ཆེན་པོ་ལྔ་དང་།  སྔགས་རྒྱུད་སྡེ་བཞི་སོགས་ལ་སྦྱངས་པ་མཐར་ཕྱིན་རྗེས་མཁས་མང་ཚོགས་པའི་དབུས་སུ་དམ་བཅར་བཞུགས་པའི་འབྲས་རྟགས་སུ་དཀའ་བཞི་བ་དང་།  དཀའ་བཅུ་བ།  རབ་འབྱམས་པ།  ལྷ་རམས་པ།  སྔགས་རམས་པ།  རྡོ་རམས་པ་ལ་སོགས་པའི་བསླབ་རིམ་གྱི་མཚན་རྟགས་སྤྲོད་པའི་སྲོལ་བྱུང་བའོ།།

ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཡང་སྔགས་རམས་པ་དང་སྨོན་ལམ་རབ་འབྱམས་པ། གླིང་བསྲེའི་བཀའ་བཅུ་བ།  སྨན་རམས་པ།  རྩིས་རམས་པ་སོགས་ཀྱི་དགེ་བཤེས་དམ་བཅའི་མཚན་བཏགས་མང་དུ་གནང་སྲོལ་ཡོད་པ་ལས།  སྨོན་ལམ་རབ་འབྱམས་པའི་མཚན་བཏགས་སམ་དམ་བཅའ་ནི་རྒྱལ་མཁན་པོ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་དོན་འགྲུབ་མཆོག་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ཉི་ཤུ་བར་བཞུགས་དུས་ཀྱི་ས་ཁྱི་སྟེ་ཕྱི་ལོ1718 ལོར་གསེར་ཏོག་ནོ་མོན་ཧན་ངག་དབང་བསྟན་པའི་རྒྱལ་མཚན་དང་། དགེ་བའི་བཤེས་གཉེན་བློ་བཟང་མཁས་གྲུབ་སོགས་གསུམ་གྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔའི་གྲྭ་སྐོར་དམ་བཅའ་བཞག་སྟེ། ས་ཕག་ཕྱི་ལོ1719ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་སྔ་ཚོགས་དང་ཚ་རྟིང་མ་དགོང་ཇ་གསུམ་ལ་བཤད་པ་དང་། ཚོགས་བར་གྱི་དམ་བཅའ་དང་བཅས་ཆོས་སྡེ་ཆེན་པོ་འདིར་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་གྱི་སྲོལ་གསར་དུ་བཏོད་ཅིང་། འདི་ནས་བཟུང་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་རྒྱུན་མི་འཆད་པའི་བཀའ་ཁྱབ་ཡི་གེར་གཏན་ལ་ཕབ་པར་མཛད་དེ། སྐུ་འབུམ་བྱམས་པ་གླིང་གི་དགེ་བཤེས་བཟང་ཤོས་རྣམས་ཀྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་བའི་སྲོལ་བྱུང་བའོ།།

ཕྱིས་མཚོ་སྔོན་དུས་འཁྲུག་དང་རྒྱ་སོག་གི་འཁྲུག་པ་སོགས་ཀྱིས་ཆོས་སྡེ་ཆེན་པོའི་འཆད་ཉན་ལ་གནོད་པ་ཐེབས་པའི་རྐྱེན་བྱས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་དམ་བཅའ་ཡང་དུས་ཡུན་ཐུང་ངུའི་རིང་ཚོགས་མ་ཐུབ་པ་བྱུང་ཡང་། བསྟུད་མར་དམ་པ་མང་པོའི་ཐུགས་རྗེ་དང་སྨོན་ལམ་གྱིས་བསྐྱར་གསོ་བྱེད་ཐུབ་པ་བྱུང་།

༣.jpg

དུས་རབས་ཉི་ཤུ་བའི་དཀྱིལ་གྱི་རིག་གནས་གསར་བརྗེའི་རླུང་འཚུབ་ཀྱིས་བོད་ཁུལ་གྱི་དགོན་སྡེ་གཞན་དག་དང་འདྲ་བར་བཤད་སྒྲུབ་ཀྱི་བྱ་བར་ཉམས་ཉེས་བྱུང་སྟེ། ཆོས་སྡེ་འདིའི་སྨོན་ལམ་རབ་འབྱམས་པའི་དམ་བཅའ་འཇོག་པའི་སྲོལ་ལོ་ངོ་ལྔ་བཅུའི་རིང་ལ་མཚམས་ཆད་པར་གྱུར་ཀྱང་།  བོད་མེ་སྤྲེལ་ཕྱི་ལོ2016ལོའི་ཧོར་ཟླ6པའི་ཚེས4ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས། ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་བརྒྱ་དང་གསུམ་པ་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་ཏེ་ཆོས་སྡེ་ཆེན་པོ་གང་ལ། ཡང་དར་བསྟན་པའི་དབུ་བརྙེས་པ་ནས་བཤད་སྒྲུབ་ཀྱི་འཁོར་ལོའི་བྱ་བ་སོགས་ལ་ཕྱོགས་གང་ཅིར་བཀའ་དྲིན་གཞལ་བར་དཀའ་བའི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བཞུགས་པ་ལས།  དགེ་བའི་བཤེས་གཉེན་རྒན་པ་ཕྱག་རྡོ་ཐང་དུ་སྐུ་འཁྲུངས་པའི་རྗེ་བློ་བཟང་རྡོ་རྗེ་ཚང་དང་། དགོན་ལུང་ཡུལ་དུ་སྐུ་འཁྲུངས་པའི་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་དང་། མདོ་སྨད་རྒྱལ་མོ་ཡུལ་དུ་སྐུ་འཁྲུངས་པའི་རྗེ་བློ་བཟང་འཇམ་དབྱངས་བཅས་དགེ་བཤེས་རྣམ་པ་གསུམ་ལ་དམིགས་བསལ་གྱི་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་སྟེ་སྐུ་འབུམ་སྨོན་ལམ་རབ་འབྱམས་པའི་དམ་བཅའ་སླར་གསོས་པའི་བཀྲ་ཤིས་ཀྱི་སྒོ་འཕར་ཡོངས་སུ་ཕྱེས་པའི་ཕྱག་སྲོལ་བཟང་པོའི་རྒྱུན་བསྐྱངས་པར་མ་ཟད། ལོ་དེའི་སྐུ་འབུམ་བྱམས་པ་གླིང་གི་དགུན་ཆོས་ཆེན་མོའི་ཉིན་གྱི་ཧོར་ཟླ11པའི་ཚེས9ཉིན་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ་དབུར་བཞུགས་ཏེ་ཚེས23ཉིན་བར་གྱི་ཉིན་བཅུ་བཞིའི་རིང་། སྐུ་འབུམ་དགོན་པའི་གཞོན་སྐྱེས་དགེ་བཤེས་བདུན་གྱིས་ཉིན་གཉིས་རེར་མཁས་མང་གསེར་རིའི་ཕྲེང་བ་རབ་ཏུ་བརྗིད་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔར་དམ་བཅའ་བཞག་སྟེ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་སྔོན་མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་གནང་བའོ།།

༤.jpg

༥.jpg

ད་ལོ་སྟེ་བོད་མེ་བྱ་ཕྱི་ལོ2017ལོའི་སྐུ་འབུམ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས་མཁན་ལ་ཡང་ལོ་སྔོན་མ་དང་མཚུངས་པར་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་སྐབས་སྐྱབས་རྗེ་དམ་པ་ཉིད་དང་དགོན་པའི་ལས་སྣེ་ཚོགས་འདུས་ལྷན་རྒྱས་ཐུན་མོང་ནས་བཀའ་འཁྲོལ་བསྩལ་བའི་དགེ་བཤེས་བདུན་ཙམ་བཞུགས་ལ།  སྔར་སྲོལ་བཞིན་ཧོར་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་ནས་དགེ་བཤེས་མཚན་བཏགས་དམ་བཅའ་ཡི་དབུ་ཚུགས།  འདི་ལོའི་དགེ་བཤེས་ཀྱི་མཚན་བཏགས་བཞེས་མཁན་གྱི་ཁྲོད་དུ་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐུ་འཁྲུངས་པའི་དགེ་བཤེས་བསྟན་པ་ཡར་འཕེལ་ལགས་ཡོད་ལ།   ཁོང་ནི་རྣམ་དཔྱོད་ཆེན་པོས་མདོ་རྒྱུད་ཀྱི་གཞུང་ལུགས་ཀུན་ལ་ཐོས་བསམ་རྣལ་མ་མཛད་མཁན་ཞིག་དང་སྐུ་འབུམ་སྨོན་ལམ་རབ་འབྱམས་པའི་དགེ་བཤེས་མཚན་བཏགས་བཞེས་མཁན་ཁྲི་ཀའི་ཡུལ་གྱི་དགེ་བཤེས་ཐོག་མ་དེ་ཆགས་ཡོད།

༦.jpg

དགེ་བཤེས་བསྟན་པ་ཡར་འཕེལ་ལགས་ནི་བོད་ས་སྤྲེལ་ཕྱི་ལོ1968ལོའི་རིག་གསར་གྱི་རླུང་འཚུབ་ནང་དུ་མདོ་སྨད་ཁྲི་ཀའི་ཡུལ་གྱི་བདུད་ཤུལ་ཞེས་འབོད་པའི་རུ་སྡེ་ཞིག་ཏུ་སྐུ་འཁྲུངས།  ཆུང་དུས་གནག་ཕྱུགས་འཚོ་སྐྱོང་ཁྲོད་འཚར་ལོངས་དང་ཕ་རྒན་གྱི་དྲུང་ནས་ཡི་གེ་འབྲི་ཀློག་གི་འགོ་བརྩམས།  ཆོས་སྒོ་ཕྱེས་རྗེས་ཀྱི་ལོ་གཉིས་པ་སྟེ་ལྕགས་བྱ་ཕྱི་ལོ1981ལོར་འཇམ་མགོན་བླ་མའི་གདན་ས་སྐུ་འབུམ་ཆོས་སྡེ་ཆེན་པོར་ཕེབས་ཏེ་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་ནས་སློབ་གཉེར་གྱི་འགོ་བརྩམས།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་སྐལ་བཟང་ཆོས་སྲུང་དཔལ་བཟང་པོ་མཆོག་དང་རྗེ་བློ་བཟང་རྡོ་རྗེ་ཚང་སོགས་ངེས་དོན་གྱི་བཤེས་གཉེན་དམ་པ་མང་པོ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཐོན་བགྱིས།  དེ་ནས་དབུས་འགྱུར་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་སུ་སློབ་གཉེར་དུ་ཕེབས་ཏེ་དཔལ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བློ་བཟང་བསྟན་འཛིན་ཚང་དང་རྒན་ཆོས་འཕེལ་རྣམ་རྒྱལ་རྣམ་གཉིས་སྤྱི་བོའི་རྒྱན་དུ་བཀུར་ནས་ལོ་ངོ་ལྔ་ལྷག་གི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་བསྐྱར་ཞིབ་དང་གཞུང་མང་པོའི་རྩ་བ་དང་ཐལ་ཕྲེང་ཟུར་བཀོད་སོགས་ལ་ཐུགས་འཛིན་གནང་བར་མ་ཟད།  ཆོས་གྲྭའི་དུས་གསེང་གང་བྱུང་ལ་སྒྲ་དང་སྙན་ངག་སྡེབ་སྦྱོར་རྩིས་དཀར་ནག་སོགས་ཐུན་མོང་བའི་རིག་པའི་གནས་ལ་ཡང་གསན་སྦྱངས་ཡང་དག་པ་མཛད།  ཕྱིར་འཇམ་མགོན་བླ་མའི་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་ལྕགས་སྟག་ཕྱི་ལོ2010ལོར་མཁས་མང་གསེར་རིའི་ཕྲེང་བ་རབ་ཏུ་བཞད་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་པར་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་རིང་དུ་ཐོར།  སྔ་ཕྱིར་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བླ་མ་གཞུང་ལས་པ་དང་ལྔ་རིག་སྐྱེད་ཚལ་གླིང་གི་སློབ་གཙོའི་ཕྱག་ལས་གནང་སྟེ་དགོན་པའི་སློབ་གཉེར་དང་འཆད་ཉན་ལ་རྟིང་སྐུལ་ཤུགས་ཆེར་མཛད་པར་མ་ཟད།  ཆུ་བཟང་སྤྲུལ་བའི་སྐུ་སོགས་བུ་སློབ་མང་པོར་བསྟུད་མར་དཔེ་ཁྲིད་དང་།  དགོན་པ་དང་གཞུང་སྒེར་སོགས་ཀྱི་གདན་ཞུས་ལྟར་གཞུང་ལུགས་འཆད་ཁྲིད་དུ་ཕེབས་བཞུད་གནང་བ་སོགས་བསྟན་པ་དང་འགྲོ་བའི་དོན་བསམ་མི་ཁྱབ་པ་མཛད།  འདི་ལོའི་ཧོར་ཟླ་དྲུག་པར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་རབས་བརྒྱ་དང་གསུམ་པ་རྗེ་བཙུན་བླ་མ་དམ་པ་༸དགེ་ཀྱཱ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་དང་བླ་མ་ཚོགས་འདུས་ལྷན་རྒྱས་ནས་ཐུགས་བརྩེ་བླ་མེད་ཀྱིས་སྨོན་ལམ་རབ་འབྱམས་པའི་དམ་བཅའི་ལེགས་བྱས་བཟང་པོ་འདི་ཉིད་དགེ་བཤེས་ཁོང་ལ་གཟིགས་བཟོས་གསོལ་རས་སུ་བསྩལ་བ་ལྟར། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་སྨོན་ལམ་འབྱམས་པའི་དགེ་བཤེས་དམ་བཅའ་དབུ་ཚུགས་པའི་ལེགས་བྱས་སྐལ་བཟང་མངོན་དུ་མཛད་བཞིན་པ་ལགས་སོ། །

བོད་མེ་བྱ་ཕྱི་ལོ2017ལོའི་ཧོར་ཟླ11པའི་ཚེས14ཉིན།  རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སྐལ་བཟང་བརྩོན་འགྲུས་ནས་མཚམས་སྦྱར་བའོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།