སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་དམངས་ཁྲོད་ཟློས་གར་ལྷན་འཁྲབ་དང་སྐབས་གཉིས་པའི་ཀྲུང་གོ་མཚོ་སྔོན་རེབ་གོང་དབྱར་སྟོན་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་པ།

1499327746266143.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ(རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ)དང་རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་། ཐུན་རིན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྩེ་ཁོག་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། སོག་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རོགས་སྒྲུབ་བྱས་པའི་སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་དམངས་ཁྲོད་ཟློས་གར་ལྷན་འཁྲབ་དང་སྐབས་གཉིས་པའི་ཀྲུང་གོ་མཚོ་སྔོན་རེབ་གོང་དབྱར་སྟོན་སྒྱུ་རྩལ་དུས་ཆེན་དེ་ཐུན་རིན་རྫོང་རེབ་གོང་ཐང་ཆེན་དུ་འགོ་བརྩམས།

1499327745948991.jpg

ཚེས6ཉིན་གྱི་སྔ་དྲོར། སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་འཁྲབ་སྟོན《དབྱར་སྟོན་ཤིས་གླུ》དངོས་སུ་འཁྲབ་པ་དང་། འཁྲབ་སྟོན་དེར་ལེའུ་གསུམ་དང་ལེ་ཚན་བཅོ་ལྔར་དབྱེ་ཡོད། འཁྲབ་སྟོན་གྱིས་གཅིག་བསྡུས་སྒོས་རྨ་ལྷོའི་དམངས་ཁྲོད་ཟློས་གར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་རྒྱུ་དེ་གཞི་འཛིན་ས་དང་རྐང་འཛུགས་ས་བྱས་ཏེ། མཚོ་སྔོན་དང་བོད་ལྗོངས། ཀན་སུའུ་སོགས་ཀྲུང་གོའི་ལྷ་མོའི་ཟློས་གར་གྱི་གྲུབ་མཐའ་ཆེན་པོ་ཁག་གི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་དག་གི་ཁྱད་ཆོས་གཅིག་ཏུ་སྦྲེལ་ཡོད། ཐེངས་འདིའི་བྱ་འགུལ་ནི་ཉིན6ལ་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་རིང་ད་དུང་ལ་གཞས་དང་ཐང་ཆེན་སྐོར་བྲོའི་འགྲན་བསྡུར་སོགས་སྤེལ་རྒྱུ་རེད། 

སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་དམངས་ཁྲོད་ཟློས་གར་ལྷན་འཁྲབ་ནང་ཞུགས་པའི་དམངས་ཁྲོད་གླུ་གར་ཚོགས་པ14ཡོད་ཅིང་། དེའི་ཁྲོད་རྨ་ལྷོ་ཁུལ་གྱི་གླུ་གར་ཚོགས་པ11དང་། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། ཀན་ལྷོ་ཁུལ་གྱི་གླུ་གར་ཚོགས་པ1རེ་བཅས་ཡོད། རྨ་ལྷོ་ཁུལ་གྱི་གླུ་གར་ཚོགས་པ་དག་གིས་སོ་སོར་འཁྲབ་སྟོན་ལེ་ཚན1རེ་བཀོད་སྒྲིག་བྱས་ཡོད་པ་དང་། ཡུལ་ཤུལ་ཁུལ་དང་ཀན་ལྷོ་ཁུལ་གྱི་དམངས་ཁྲོད་བོད་ཀྱི་ཟློས་གར་གླུ་གར་ཚོགས་པ་སོ་སོས་འཁྲབ་སྟོན་ལེ་ཚན2རེ་བཀོད་སྒྲིག་བྱས་ཡོད་ལ། བསྡོམས་པས་ཟློས་གར་འཁྲབ་ཐེངས17བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ཁྲོད་འཁྲབ་སྟོན་ལེ་ཚན5ནི་དམངས་ཁྲོད་གླུ་གར་ཚོགས་པ་གནས་པའི་སྡེ་བ་རུ་འཁྲབ་སྟོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།