ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་སྤྱི་སྡོམ་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན།2010ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བརྗོད་བྱ་ཡིན་པ་དང་། དམངས་སྲིད་ཀྱི་སྤྱི་བའི་ཞབས་ཞུ་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དམངས་ཕན་བཟོ་འགོད10ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མང་ཚོགས་ལ་སྔར་བས་མང་བའི་ཁེ་ཕན་བསྐྲུན་རྒྱུ་རེད། དམངས་ཕན་བཟོ་འགོད10ནི།
●ཞིང་སྡེའི་དཀའ་ངལ་མང་ཚོགསཀྱི་ཁང་རྙིང་ཞིག་གསོ་ལས་གཞི། སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར3.84བཏང་ནས་ལོ་ཧྲིལ་བོར་ཁྱིམ་ཚང་ཁྲི2ཀྱི་ཁང་རྙིང་ཞིག་གསོ་བྱེད་རྒྱུ་ཡིན་པ་དང་།
●རྒུད་སྐྱོབ་མཛོད་ཁང་འཛུགས་སྐྲུན་ལས་གཞི། མ་དངུལ་སྒོར་ཁྲི4600བཏང་ནས་ན་གོར་མོ་རྒྱལ་ཁབ་རིམ་པའི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་དང་། རྫོང་རིམ་པའི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་འཛུགས་སྐྲུན་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་རྒྱུ་ཡིན་པ།
●རྒུད་སྐྱོབ་མྱུར་སྐྱོབ་བཀོད་འདོམ་མ་ལག་འཛུགས་སྐྲུན་ལས་གཞི། མ་དངུལ་སྒོར་ཁྲི300བཏང་ནས་ཞིང་ཆེན་རིམ་པའི་གནོད་ཐེབས་མྱུར་སྐྱོབ་བཀོད་འདོམ་སྟེགས་བུ་དང་ཁུལ་དང་རྫོང་རིམ་པའི་མྱུར་སྐྱོབ་བཀོད་འདོམ་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
●རྒན་གསོ་ཞབས་ཞུ་ལས་ཁུངས་འཛུགས་སྐྲུན་ལས་གཞི། མ་དངུལ་སྒོར་ཁྲི2000བཏང་ནས་ཟི་ལིང་གྲོང་ཁྱེར་དུ་འཚོ་སྡོད་ཁུལ30རུ་རྒན་གསོ་ཞབས་ཞུ་ཁང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
●ཞིང་སྡེའི་རྒན་གསོ་ཁང་འཛུགས་སྐྲུན་ལས་གཞི། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི6701བཏང་ནས་རྒན་གསོ་ཁང32འཛུགས་སྐྲུན་དང་བསྐྱར་སྐྲུན་བྱེད་པ་དང་། རྒན་གསོ་ཁང་སྐོར་ཞིག་གི་རྒན་གསོའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་ཡིན་པ།
●བྱིས་པའི་ཕན་བདེ་ལས་ཁུངས་འཛུགས་སྐྲུན་ལས་གཞི། མ་དངུལ་སྒོར་ཁྲི1080བཏང་ནས་མཚོ་བྱང་དང་མགོ་ལོག་ཁུལ་དུ་ཁུལ་རིམ་པའི་བྱིས་པའི་ཕན་བདེ་ཁང2འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
●རྫོང་རིམ་པའི་ཕན་བདེ་ལས་ཁུངས་འཛུགས་སྐྲུན་ལས་གཞི། མ་དངུལ་སྒོར་ཁྲི1880བཏང་ནས་རྫོང་རིམ་པའི་སྤྱི་ཚོགས་ཕན་བདེ་ལྟེ་གནས3གསར་འཛུགས་བྱེད་རྒྱུ་ཡིན་པ།
●ཡུལ་གྱར་ན་གཞོན་རོགས་སྐྱོར་སྲུང་སྐྱོང་སྒྲིག་ཆས་འཛུགས་སྐྲུན་ལས་གཞི། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི530བཏང་ནས་མཚོ་ལྷོ་དང་མཚོ་ནུབ་ཁུལ་གཉིས་སུ་ཁུལ་རིམ་པའི་ཡུལ་གྱར་ན་གཞོན་རོགས་སྐྱོར་སྲུང་སྐྱོང་ལྟེ་གནས་གཅིག་རེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།
●འཚོ་སྡོད་ཁུལ་གྱི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་ལས་གཞི། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི500བཏང་ནས་ཟི་ལིང་གྲོང་ཁྱེར་དུ་འཚོ་སྡོད་ཁུལ་གྱི་ཞབས་ཞུ་ལྟེ་གནས6གསར་འཛུགས་བྱེད་རྒྱུ་ཡིན་པ།
●དུར་ཁང་སྒྲིག་ཆས་ལེགས་བཅོས་ལས་གཞི། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི130བཏང་ནས་ཐུན་ཏེ་རྫོང་གི་དུར་ཁང་ལེགས་བཅོས་བྱེད་པ་དང་། སྒོར་ཁྲི100ཁ་གསབ་བྱས་ནས་ཡུལ་ཤུལ་ཁུལ་གྱི་དུར་ཁང་སྒྲིག་ཆས་ཉོ་སྒྲུབ་བྱེད་རྒྱུ་ཡིན་པ་བཅས་སོ། །
