ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཁྲིན་ཀྲི་ཀང་གིས་ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཁྲིན་ཀྲི་ཀང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་དང་ལིན་ཐན་རྫོང་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྟོག་ཞིབ་བྱས།

ཀན་ལྷོ་ཁུལ་ནི་རྒྱལ་ཡོངས་ཀྱི “ལྗོངས་གསུམ་དང་ཁུལ་གསུམ”གྱི་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི “ཁུལ་གཉིས་དང་རྫོང་གཅིག”གི་དབུལ་མཐར་མཁྲེགས་གཏོར་གྱི་གཙོ་གནད་ས་ཁུལ་ཡང་ཡིན། ཁྲིན་ཀྲི་ཀང་ཅོ་ནེ་རྫོང་གི་རྣ་ལུང་གྲོང་རྡལ་ཁྲ་འོག་སྡེ་བ་དང་མ་རུ་གྲོང་རྡལ་མར་སྟེང་ཁ་སྡེ་བ། ལིན་ཐན་རྫོང་ཝང་ཆི་གྲོང་རྡལ་ལི་ཞིན་སྡེ་བ་དང་དཔའ་རྒྱས་སྡེ་བ། གུར་ཆེན་གྲོང་རྡལ་ཁ་ཤོ་སྒང་སྡེ་བ་བཅས་ཀྱི་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས། ཐོན་ལས་གསོ་སྐྱོང་དང་བདེ་ཐང་དབུལ་སྐྱོར། བདེ་འཇགས་འཐུང་ཆུ། ངལ་ལས་ཕྱིར་གཏོང་། གཞན་ཡུལ་དུ་གནས་སྤོར་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས།

དབུལ་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། ཁྲིན་ཀྲི་ཀང་གིས་ཁུལ་དང་རྫོང་རིམ་པ་གཉིས་དང་འབྲེལ་ཡོད་སྡེ་ཁག མང་ཚོགས་ཀྱི་འཐུས་མི། སྡེ་སྡོད་ལས་བྱེད་པ་བཅས་ཀྱི་ཡར་ཞུར་ཉན་རྗེས། རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་འབྲས་བུར་ཁས་ལེན་གང་ལེགས་བྱས། 

ཁྲིན་ཀྲི་ཀང་གིས་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནམ་ཡང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་ཆེས་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས། ཆེས་ཆེ་བའི་དམངས་འཚོའི་ལས་གྲྭ་ཞིག་ཏུ་བརྩིས་ཡོད་ལ། དབུལ་སྐྱོར་མཁྲེགས་གཏོར་གྱིས་བྱ་བའི་ཁྱོན་ཡོངས་གཅིག་འདོམས་བྱས་ཤིང་འགོ་ཁྲིད་པ་གཙོ་བོས་དངོས་སུ་སྣེ་ཁྲིད་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གཏིང་ཟབ་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱ་དགོས་ལ། གནད་ཁེལ་གྱི་འཐབ་ཇུས་རྒྱུན་འཁྱོངས་དང་རྒྱལ་ཁ་ལེན་པའི་སེམས་ཤུགས་སྲ་བརྟན་ དུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལས་རྣམ་པར་རྒྱལ་དགོས་ལ། སྤུས་ཚད་མཐོན་པོས་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་བསྟན།

ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཞིང་ཆེན་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཁྲིན་ཧུང་ལི། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། དེ་མིན་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།