ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་ཐབས་མང་མཉམ་སྤྱོད་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས“ཅོ་ནེའི་ཆེན་པོ་དྲུག”འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས། འཕར་སྣོན་བརྟན་པོ་ཡོང་བ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་པ་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོང་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་ཁག་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་ཞིང་། རིག་གནས་ཡུལ་སྐོར་དང་དེང་རབས་ཞིང་ཕྱུགས་ལས་གཉིས་གཙོ་ཁྲིད་ཐོན་ལས་སུ་བཟུང་སྟེ། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་། ཤུགས་ཆེན་པོས་དཔལ་འབྱོར་གྱི་འཕར་གནས་གསར་བ་གསོ་སྐྱོང་བྱས་ནས་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མུ་མཐུད་དུ་རྒྱ་བསྐྱེད་བཏང་།

གཙོ་གནད་ལས་གཞིའི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་བ། རྒྱལ་ཁབ་དང་ཞིང་ཆེན་ནས་རྒྱབ་སྐྱོར་བྱས་པའི་དབུལ་ཕོངས་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་ཀྱི་ཁྲིད་སྟོན་དམ་འཛིན་བྱས་ཏེ། མ་དངུལ་གཏོང་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྒྱུན་ཆད་མེད་པར་མ་དངུལ་གཏོང་བའི་ཁོར་ཡུག་ལེགས་སྒྱུར་བྱས་ནས་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་། བསྡོམས་པས་ཚོང་འགུག་དངུལ་འདྲེན་ལས་གཞི7ལ་གན་རྒྱ་བཞག་པ་དང་། མ་དངུལ་སྒོར་དུང་ཕྱུར4ནང་འདྲེན་བྱས།

སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་དང་རིམ་སྤར་བྱེད་པ་ཇེ་མགྱོགས་སུ་བཏང་བ། “ནོར། ལུག སྔོ་ཚལ། ཞོག་ཁོག སྨན”དང་ཀླུ་ཆུའི་ཆུ་རྡོ་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་ཆ་སྔོག་འདོན་བྱས་ཏེ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་བ། ཐོན་ལས་ཀྱི་རྣམ་པ་གསར་གཏོད་བྱེད་པ་སོགས་གཙོ་གནད་དུ་བཟུང་ཞིང་། འདེབས་གསོ་ལས་རིགས་ཀྱི་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་བྱེད་པ་དང་། སྣེ་འདྲེན་ཁེ་ལས་ཆེ་གྲས་དང་ཁྱད་ལྡན་འདེབས་གསོའི་ས་བོན་ནང་འདྲེན་བྱེད་པ། “ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་དང་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་པ་སོགས་ལ་ཤུགས་བསྣན་པ་བརྒྱུད་དེ། ཐོན་ལས་དང་ཐོན་རྫས་ཀྱི་སྒྲིག་གཞི་ལེགས་སྒྱུར་དང་རིམ་སྤར་བྱེད་པར་སྐུལ་འདེད་བཏང་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་། ལོ་མཇུག་ཏུ་ཕྱུགས་རིགས་བཤས་ཁོངས་སུ་བཏང་ཚད་ཁྲི53.78ལ་བསླེབས།

གསར་དར་ཐོན་ལས་གསོ་སྤེལ་དང་འཕེལ་རྒྱས་སུ་གཏོང་བ་ཇེ་མགྱོགས་སུ་བཏང་བ། ལེ་དབར་བརྒྱ་ཡི་ཀླུ་ཆུའི་ཡུལ་སྲོལ་གོམས་གཤིས་གཙོ་གནད་དུ་བཟུང་བ་དང་། དག་ཡིག་ཁོག4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྣེ་ཁྲིད་དུ་བཟུང་སྟེ། ནུས་ཤུགས་ཡོད་རྒུས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྤྲོ་གསེང་རོལ་རྩེད། སྐྱེ་ཁམས་ལྟ་སྐོར། བཟའ་བཏུང་རོལ་མྱོང་སོགས་གཙོ་བྱས་པའི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཛུགས་སྐྲུན་བྱས་ཤིང་། ཡུལ་སྐོར་ཆེད་ལས་སྡེ་བ12དང་། རོང(འབྲོག བོད)ཁྱིམ་སྤྲོ་སྐྱིད་ཁང་ཁྱིམ་ཚང43འཕེལ་རྒྱས་སུ་བཏང་། ཞིང་ཆེན་ཕྱི་ནང་གི་པར་རྒྱག་མཁན་དང་ཆེད་མཁས་པ། བརྙན་འཕྲིན་ཁང་གི་གསར་འགོད་པ་སོགས་མི100ལྷག་རྩ་འཛུགས་བྱས་ནས་ཡུལ་སྐོར་མཛེས་ལྗོངས་འཚོལ་ཞིབ་ཀྱི་བྱ་འགུལ་སྤེལ་བ། ཡུལ་སྐོར་འོས་སྦྱོར་གྲོས་ཚོགས་ཚོགས་པ་དང་། ཞིང་ཆེན་དང་ཁུལ་གྱི་ཡུལ་སྐོར་ཁྱབ་གདལ་བྱ་འགུལ་ལ་ཞུགས་པ་སོགས་བརྒྱུད་ནས། སྔར་ལས་ལྷག་པར་དུ་ཕྱི་ཕྱོགས་སུ་བབ་ཆགས་འཇོག་ཤུགས་ཆེ་རུ་བཏང་སྟེ། མཚན་དང་སྙན་གྲགས་མཐོ་རུ་བཏང་། ལོ་མཇུག་ཐུག་བར་དུ་ཡུལ་སྐོར་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར5.69མངོན་འགྱུར་བྱུང་ཞིང་། དུས་མཚུངས་ལས17.25%འཕར་བ། ཡུལ་སྐོར་བ་མི་ཐེངས་ཁྲི115.81སྣེ་ལེན་བྱས་པ་དང་། དུས་མཚུངས་ལས10%འཕར་བ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།