ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་གི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་གིས་མ་ཏུང་མེ་དབུལ་ཕོངས་ཀྱི་འཚོ་བ་ལས་ཐར་དུ་བཅུག་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུའི་འབབ་རྒྱུད་ཀྱི་མ་རུ་གྲོང་རྡལ་དཔའ་ཡུལ་སྡེ་བ་རུ་སྐྲུན་པའི་ཁྱིམ་ཚང་མགྲོན་ཁང་གིས་མི་རྣམས་ཀྱི་མིག་དབང་འགུག་བཞིན་ཡོད། མ་ཏུང་མེ་ཚང་གི་ཁྱིམ་ཚང་མགྲོན་ཁང་ནི་དེའི་ནང་གི་གཅིག་ཡིན་ཏེ། ཁོ་མོས་སྨི་གྲུ་བཞི་མ200ལྷག་ཡོད་པའི་ཁྱིམ་ཚང་མགྲོན་ཁང་ཞིག་བསྐྲུན་ཡོད། ཁོ་མོས་བཤད་རྒྱུར“ཉིན་གཅིག་ལ་མགྲོན་པོ་ཅོག་ཙེ་བདུན་བརྒྱད་རེ་སྣེ་ལེན་བྱེད་ཐུབ”ཟེར།

2017ལོའི་ཟླ10བ་ནས་ལས་གཉེར་བྱས་པ་ནས་བཟུང་སྟེ། མ་ཏུང་མེ་ཡི་ཁྱིམ་ཚང་མགྲོན་ཁང་ནི་དུས་རྒྱུན་དུ“མཁོ་མང་སྤྲོད་ཉུང”གི་རྣམ་པར་གྱུར་ལ། 2018ལོའི་ལོ་གཅིག་གི་ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི50ལས་བརྒལ་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་མགྲོན་པོ་རྣམས་ཀྱིས་ཟ་མ་ཟ་ནའང་གྲལ་སྒྲིག་དགོས་པ་རེད། དེ་ནས་ཁོ་མོས་ཡུལ་ཕྱོགས་གཅིག་པའི་དབུལ་ཕོངས་ཁྱིམ་ཚང་གཉིས་གདན་ཞུས་ཏེ་དུས་ཡུན་རིང་བོར་རོགས་བྱེད་དུ་བཅུག་པ་དང་། ཡུལ་སྐོར་བ་མང་བའམ་ཉུང་བའི་དུས་ཚིགས་གང་ཡིན་རུང་ཟླ་ཕོགས་ནི་ཁ་གྲངས་ལྟར་སྟེར་བཞིན་ཡོད། མ་ཏུང་མེ་ཡོད་སའི་དཔའ་ཡུལ་སྡེ་བ་ནི་རོང་མ་འབྲོག་གི་གྲོང་སྡེ་ཞིག་ཡིན། ལོ་འགའི་སྔོན་དུ། གནས་འདི་ནི་མིང་དུ་གྲགས་པའི་དབུལ་ཕོངས་ས་ཆ་ཞིག་ཡིན། དཔའ་ཡུལ་སྡེ་བའི་མཛེས་ལྗོངས་ཡག་ནའང་ས་ཁམས་གནས་ཡུལ་མི་ལེགས་པས་འགྲིམ་འགྲུལ་སྟབས་མི་བདེ་བ་དང། ཐོན་སྐྱེད་བྱས་པའི་ལུག་ཤའི་རྒྱུ་སྤུས་བཟང་རུང་འཚོང་ལམ་རྒྱ་ཆེན་པོ་མེད་པས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ་ཧ་ཅང་དལ།

དུས་ཡུན་རིང་བོ་ཞིག་གི་ནང་དུ། མ་ཏུང་མེ་བཟའ་མི་ཚང་མ་ཁང་བ་ཕུབ་ནས་ལོ་ངོ40ལྷག་འགོར་ཡོད་པའི་ཤིང་ཁང་ཆུང་ཆུང་ཞིག་ཏུ་བསྡད་ཡོད། འཚོ་བ་ཡི་ཆེད་དུ་ཁོ་མོ་བཟའ་ཟླ་གཉིས་ཀ་ནང་སོག་ལ་གླ་གཏག་ཏུ་མི་འགྲོ་ཐབས་མེད་བྱུང་ལ། དཀའ་སྡུག་ཚད་མེད་མྱངས།

དཔའ་ཡུལ་སྡེ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་གོ་སྐབས2016ལོར་ཐོན་བྱུང་སྟེ། ས་གནས་སྲིད་གཞུང་གིས་དཔའ་ཡུལ་སྡེ་བའི་རང་བྱུང་གི་མཛེས་ལྗོངས་དང་། དམངས་སྲོལ་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་ཏེ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང136གི་ཁང་བའི་རྣམ་པ་བསྒྱུར་བཀོད་བྱས། གནས་ཚུལ་འདི་མ་ཏུང་མེ་ཡིས་ཐོས་རྗེས། ཁོ་མོའི་བསམ་པར་རང་ཉིད་ལ་ཟ་མ་ལས་པའི་ལག་རྩལ་ཡོད་པས། ཕྱིར་ཕ་ཡུལ་དུ་ལོག་ནས་ཁྱིམ་ཚང་མགྲོན་ཁང་ཞིག་ཕྱེ་ན་ལེགས་བྱུང་སྙམ། 

ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་མ་ཏུང་མེ་ཚང་གིས་ཁྱད་ཆོས་ལྡན་པའི་ཁང་གསར་ཞིག་འཛུགས་སྐྲུན་བྱས་ཤིང་། ཁོ་མོ་ནི་སྡེ་བའི་ནང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་ཞིག་ཏུ་གྱུར། ཁྱིམ་ཚང་མགྲོན་ཁང་གིས་མ་ཏུང་མེ་ཡི་འཚོ་བ་ཇེ་བཟང་དུ་གྱུར་ཡོད་པར། ཁོ་མོས་བཤད་རྒྱུར“ཟ་ཁང་ཕྱེ་བས་ངའི་བྱིས་པ་གཉིས་ཀྱི་འཚོ་བའི་གྲོན་དངུལ་བཙལ་ཐུབ་སོང”ཟེར།

མིག་སྔར་བར་དུ། དཔའ་ཡུལ་སྡེ་བའི་ཁྱིམ་ཚང18ཀྱིས་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ཕྱེ་ཡོད་པ་དང་། ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི9ཡིན། ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་གཙོ་བྱས་པའི་གྲོང་གསེབ་ཡུལ་སྐོར་ཞབས་ཞུའི་ལས་རིགས་དེ་སྡེ་བ་འདིའི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད།།          

རྩོམ་སྒྲིག་པ། : ཀླུ་མོ་མཚོ།